བོད་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སྐས་རིམ་གསར་པར་སླེབས་པ།
2025ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་བསྡོམས་1539ཡོད་པའི་ནང་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་648ཡོད་པ་དེས་42.1%བཟུང་ཡོད།
ཚེས་24ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་2026ལོའི“4·26”འཛམ་གླིང་ཤེས་རིག་བདག་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གོ་ཆོད་པའི་གསར་གཏོད་ཁེ་བེད་བདག་ཐོབ་བསྡོམས་1539ཡོད་པའི་ནང་རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་648ཡོད་པ་དེས་42.1%བཟུང་ཡོད། བོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་མ་ཟད། ལག་རྩལ་འདུས་ཚད་དང་གསར་གཏོད་སྤུས་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
གྱོད་གཞི་ཞིབ་གཅོད་ཐད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས(ཤེས་རིག་བདག་དབང་ཅུས)ཀྱིས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གྱོད་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་བཏང་ཞིང་། 2021ལོ་ནས་ད་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་ཤེས་རིག་བདག་དབང་གི་དབང་གནོད་ཁྲིམས་འགལ་གྱོད་གཞི་ཁག་261ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་378.56ཟིན་པ་དང་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་381.13ཟིན་ཡོད། གྱོད་གཞི་སྒྲུབ་གཉེར་གྱི་དུས་བཀག་ཐུང་དུ་ཤུགས་ཆེན་བཏང་བ་བརྒྱུད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་གོང་འོག་མཉམ་འགུལ་དང་མཉམ་འབྲེལ་ཁྲིམས་སྒྱུར་ལ་སྐུལ་འདེད་བཏང་ནས་ནུས་ཆེའི་མཐུན་སྦྱོར་གྱི་ཁྲིམས་འཛིན་མ་ལག་བཏོད་པར། དབང་གནོད་དང་རྫུན་བཟོའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་པ་དང་ཁྲོམ་རའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད།
རྩོད་གཞི་སེལ་བའི་ཐད། སྣ་མང་ཅན་གྱི་ཁེ་དབང་སྲུང་སྐྱོང་ཐབས་ལམ་ཧུར་ཐག་བཏོད་ཡོད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས(ཤེས་རིག་བདག་དབང་ཅུས)ཀྱིས་ལྷ་སའི་ཤེས་རིག་བདག་དབང་འདུམ་གཅོད་བར་འདུམ་ལྟེ་གནས་དང་དེ་བཞིན་གཞིས་རྩེ་དང་ལྷོ་ཁའི་ཤེས་རིག་བདག་དབང་རྩོད་གཞི་འདུམ་འགྲིག་ཨུ་ལྷན་སྔ་རྗེས་སུ་བཙུགས་ཏེ། སྲིད་འཛིན་ཁྲུན་གཅོད་དང་། མི་དམངས་འདུམ་འགྲིག འདུམ་གཅོད་བཅས་ཟུང་འབྲེལ་གྱི་སྣ་མང་ཅན་གྱི་རྩོད་གཞི་འདུམ་འགྲིག་ལམ་སྲོལ་བཙུགས་ཡོད། མང་ཚོགས་ཀྱི་སྤུས་རྟགས་དང་ཁེ་བེད་བདག་ཐོབ་ལ་དབང་གནོད་ཕོག་པ་དང་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་ལ་གནོད་འཚེ་ཕོག་པ་དག“ཁྱིམ་གྱི་སྒོ་རྩར”ཆེད་ལས་འདུམ་འགྲིག་གི་ཐབས་ལམ་བརྒྱུད་མགྱོགས་མྱུར་ཁེ་དབང་སྲུང་སྐྱོང་ཐུབ་སྟེ། མ་གནས་དམའ་བ་དང་ལས་ཕྱོད་ཆེ་བའི་ཐོག་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་ཡོད།
གཞི་རིམ་གྱི་ནུས་པ་འཛུགས་སྐྱོང་ཐད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས(ཤེས་རིག་བདག་དབང་ཅུས)ཀྱིས་བོད་རང་སྐྱོང་ལྗོངས་ཤེས་རིག་བདག་དབང་གི་སྲིད་འཛིན་ཁྲིམས་སྒྱུར་ལག་རྩལ་བརྟག་དཔྱད་དཔོན་མཛོད་བཙུགས་ནས། དཀའ་གནད་ཆེ་བའི་ཁེ་བེད་བདག་ཐོབ་ཀྱི་དབང་གནོད་གྱོད་གཞིར་གནད་སྨིན་ལག་རྩལ་གྱི་འདེགས་སྐྱོར་བྱས་ཏེ་ཆེད་ལས་ཁྲིམས་སྒྱུར་གྱི་དཀའ་གནད་བསལ་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཀྱི་ཤེས་རིག་བདག་དབང་གི་རྒྱང་ཁྲིད་སློབ་གསོའི་ལས་སྟེགས་ལ་བརྟེན་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་གཞི་རིམ་ཁྲིམས་སྒྱུར་པའི་ལས་སྒོའི་གསོ་སྦྱོང་སྤེལ་ཏེ། ཁྲིམས་སྒྱུར་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་གྱོད་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།