དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རིན་གོང་དམའ་ལ་བྲོ་བ་ཞིམ། དམངས་ཀྱི་འཚོ་བར་གཅེས་སེམས་ཁྱབ།

    ——མངའ་རིས་ས་ཁུལ་སྒར་རྫོང་གི“གཅེས་སེམས་ས་ཚིགས”ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    སྔ་དྲོའི་ཆུ་ཚོད་11ཙམ་ལ་ས་བབ་སྨི་4300ཙམ་ཟིན་པའི་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཁྲོམ་གཞུང་ཁག་ཏུ་ཉི་འོད་ལམ་ལམ་དུ་འཚེར་བཞིན་ཡོད་མོད། འོན་ཀྱང་དཔྱིད་གྲང་གི་ཉམས་སྔར་བཞིན་མངོན་གསལ་དོད་པོ་ཡོད། ལས་ལ་བྲེལ་བའི་ཁོར་ཡུག་གཙང་སྦྲ་བ་དང་། མྱུར་སྐྱེལ་པ། མངགས་སྐྱེལ་པ་བཅས་ཀྱིས་སྔ་རྗེས་སུ་གད་བདར་ཡོ་བྱད་དང་གློག་སྒུལ་སྦག་སྦག་གཞོགས་གཅིག་ཏུ་བཞག་ནས། མ་གྲོས་གཅིག་མཐུན་གྱིས་ཁྲོམ་གཞུང་ཟུར་གྱི་ཟ་ཁང་དུ་བསྐྱོད། དེས་ན། གུ་ཅུང་དོག་པའི་ཟ་ཁང་དེ་ལས་གོས་གྱོན་པ་དང་ཕྱི་རོལ་ཏུ་ལས་ཀ་བྱེད་མཁན་གྱི་ངལ་རྩོལ་པས་ཁེངས།

    འདི་ནི་སྒར་རྫོང་གི“གཅེས་སེམས་ས་ཚིགས”ཞེས་པའི་དམིགས་འཛུགས་ཟ་ཁང་ཡིན་ཞིང་། ཟ་ཁང་དེར་གྲ་རྒྱས་པའི་མཛེས་བཟོ་བྱས་མེད་ལ་རྐང་བཙུགས་ནས་སྒྲིག་གཤོམ་གང་ཡང་བྱས་མེད་རུང་། སྡོད་ས་ཚང་མར་ཕྱི་རོལ་ཏུ་ཡར་རྒྱུག་མར་རྒྱུག་བྱེད་མཁན་དང་དཀའ་ངལ་ཁྱད་བསད་བྱེད་མཁན་གྱི་ངལ་རྩོལ་པས་ཁེངས་ཡོད་པ་དང་། གསོལ་ལྕོག་ཐོག་གི་ཚ་སོབ་སོབ་ཀྱི་ཁ་ལག་གི་དྲི་ཞིམ་ལས་ས་མཐོའི་གྲང་ངར་འཇོམས་ཤིང་མི་སེམས་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད།

    “དེ་སྔོན་ཁ་ལག་ཟ་བའི་དུས་ཚོད་སླེབས་དུས་སེམས་ཁྲལ་ཆེན་པོ་འདུག་ལ། ཁ་ལག་སྟབས་བདེ་ཞིག་ལས་རག་གི་མིན་འདུག”ཅེས་ཁོར་ཡུག་གཙང་སྦྲ་བ་དཀོན་མཆོག་བཟང་མོས་ཐོད་པའི་རྔུལ་ཆུ་ཕྱིས་ཏེ་རླངས་པ་འཚུབ་འཚུབ་ཀྱི་ཁ་ལག་ལག་ཏུ་བླངས་ནས་མྱོང་ཚོར་ཟབ་མོས་འདི་ལྟར་བཤད་ཅིང་། ཁོང་ཉིན་ལྟར་ནམ་མ་ལངས་གོང་ནས་ཁྲོམ་གཞུང་དུ་གད་འཕྱིས་རྒྱག་པ་དང་གད་སྙིགས་དབོར་བར་འགྲོ་དགོས་ཀྱི་ཡོད། ཉིན་གང་ལས་བྲེལ་ཆེ་བས་ཁ་ལག་ཟ་ས་ནི་ཁོང་གི་ངོས་ནས་བརྗོད་ན་དཀའ་གནད་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

    དཀོན་མཆོག་བཟང་མོ་དང་འདྲ་བར་སེང་གེ་ཁ་འབབ་གྲོང་རྡལ་དུ་ཁོར་ཡུག་གཙང་སྦྲ་བ་དང་། མྱུར་སྐྱེལ་པ། མངགས་སྐྱེལ་པ་སོགས་ཕྱི་རོལ་ཏུ་ལས་ཀ་བྱེད་མཁན་ངལ་རྩོལ་པ་400ཙམ་ཡོད་པ་དག་གིས་རྟག་ཏུ་ཆར་རླུང་ཁྲོད་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་དེ་གྲོང་ཁྱེར་འདི་ཉིད་རྒྱུན་གཏན་བཞིན་འཁོར་སྐྱོད་ཡོང་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད། འོན་ཀྱང་ཁ་ལག་ཟ་ས་མེད་པ་དང་ཁ་ལག་གི་གོང་ཚད་མཐོ་བ་ནི་ཁོང་ཚོའི་སེམས་ཁྲལ་ཆེ་ཤོས་ཞིག་ཏུ་གྱུར་ཡོད།

    སེམས་ཁྲལ་དེ་ད་ཆ“གཅེས་སེམས་ས་ཚིགས”ཀྱིས་བསལ་ཡོད།

    དམིགས་འཛུགས་ཟ་ཁང་གི་དངུལ་སྤྲོད་ས་དང་ཐོ་འགོད་སར་ངལ་རྩོལ་པས་ཆ་འཕྲིན་སྟབས་བདེ་ཞིག་ཐོར་བཀོད་ན་ཁ་ལག་ཟ་བའི་ཕན་བདེ་ལོངས་སུ་སྤྱོད་ཆོག་པ་སྟེ། ཁྲོམ་རར་རིན་གོང་སྒོར་23ཡིན་པའི་བཟའ་བཅའ་སྤེལ་མར་ཁོང་ཚོ་མི་སྒེར་གྱིས་སྒོར་3ལས་སྤྲོད་དགོས་ཀྱི་མེད་པ་དང་། ལྷག་མ་རྣམས་མངའ་རིས་ས་ཁུལ་བཟོ་ཚོགས་ཀྱིས་75%དང་སྒར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)ཡིས་25%སྤྲོད་ཀྱི་ཡོད་པས། ཕྱི་རོལ་ཏུ་ལས་ཀ་བྱེད་མཁན་ངལ་རྩོལ་པ་ཚང་མར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་དེ། མི་གཅིག་ལ་ལྟོ་རིན་སྒོར་20ལས་བརྒལ་མེད་ཚེ་རིན་པ་སྤྲོད་མི་དགོས་པའི་ཕན་བདེ་ལོངས་སུ་སྤྱོད་ཆོག་གི་ཡོད།

    འདི་ལོའི་ཟླ་2པར་ཚོད་ལྟའི་ངང་སྤྱོད་འགོ་བཙུགས་ཚུན། སྒར་རྫོང་གི“གཅེས་སེམས་ས་ཚིགས”ཀྱིས་གཅེས་སེམས་མཚོན་པའི་བཟའ་བཏུང་གི་ཞབས་ཞུ་མཚམས་འཇོག་མྱོང་མེད་ཅིང་། སྒར་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)ཡི་ལས་དོན་པས་དམིགས་འཛུགས་ཟ་ཁང་ཁག་ཏུ་རྒྱུན་རྣམ་ཅན་གྱི་འདྲི་རྟོག་བྱེད་པར་བསྐྱོད་ནས་དེ་གའི་ཚལ་གྱི་བྲོ་བ་ལེགས་པོ་ཡོད་མེད་འདྲི་བ་དང་། བཟའ་བཏུང་ཐད་ཀྱི་བསམ་འཆར་བསྡུ་ལེན། དགོས་མཁོ་དངོས་ཤེས་རྟོགས་བཅས་བྱས་ཏེ་ས་ཚིགས་གཉེར་སྐྱོང་ཞབས་ཞུའི་ལྷུ་ཚིགས་ཁག་གི་ཞིབ་ཕྲའི་གནས་ཚུལ་ཚང་མར་རྗེས་སྙེག་ཤེས་རྟོགས་བྱེད་ཀྱི་ཡོད།

    སྒར་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)ཡི་འབྲེལ་ཡོད་འགན་འཁུར་བ་པད་མ་ཆོས་སྒྲོན་གྱིས། ཕྱི་རོལ་ཏུ་ལས་ཀ་བྱེད་མཁན་ངལ་རྩོལ་པར་ཁ་ལག་ཟ་ས་སྟབས་བདེ་མེད་པ་དང་འགྲོ་སོང་ཆེ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། མངའ་རིས་ས་ཁུལ་བཟོ་ཚོགས་ཀྱིས་སྒར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)དང་མཉམ་འབྲེལ་ཐོག་ས་གནས་དེ་གའི་སྤུས་ལེགས་བཟའ་བཏུང་ཚོང་དུད་ལ་བརྟེན་ཏེ་གཅེས་སེམས་ཞབས་ཞུའི་ལས་སྟེགས་བསྐྲུན་ཅིང་། མིག་སྔར“གཅེས་སེམས་ས་ཚིགས”10བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔའི་བར། སྒར་རྫོང་གི“གཅེས་སེམས་ས་ཚིགས”ཀྱི་དམིགས་འཛུགས་ཟ་ཁང་ཁག་གིས་བོད་ཟས་དང་། གྲོ་ཟས། རྒྱུན་གཏན་གྱི་ཚལ་རིགས། ཇ་མངར་མོ་སོགས་བཟའ་བཅའི་རིགས་20ལྷག་ཙམ་དང་ཉིན་རེར་ཆ་སྙོམས་བཟའ་བཅའ་ཐེངས་300ལྷག་ཙམ་མཁོ་འདོན་བྱས་པས། རིམ་རྩིས་བརྒྱབ་ན་གཅེས་སེམས་བཟའ་བཅའ་ཐེངས་ཁྲི་2.3ལྷག་ཙམ་གྱིས་འཐབ་ས་དང་པོའི་ཕྱི་རོལ་ཏུ་ལས་ཀ་བྱེད་མཁན་ངལ་རྩོལ་པ་མང་པོར་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།