དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོར་རང་ལྗོངས་ཀྱི་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། སྒོར་དུང་ཕྱུར་778.07བཏང་ནས་6.1%འཕར་བ་སོགས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་དུས་ཚིགས་དང་པོར། རང་ལྗོངས་ཀྱི་དཔལ་འབྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་གོམ་སྟབས་བརྟན་པོ་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་། ཡུལ་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། ཁྲལ་བསྡུའི་ཡོང་འབབ་བཅས་དམིགས་ཚད་ཁག་བརྒྱད་ཀྱི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ། ས་མཐོའི་དཔལ་འབྱོར་འཕེལ་ཕྱོགས་བཟང་པོའི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཆེན་དུ་སྐྱོད་བཞིན་ཡོད་པ་རེད།

    བཟོ་ལས་ཐོན་སྐྱེད་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་ནས་བཟོ་སྐྲུན་ལས་རིགས་ཀྱི་སྐུལ་ཁྲིད་ཤུགས་ཆེ་ཞིང་། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་20.5%འཕར་ནས་ཟླ་བ་13བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་30.4%འཕར་ནས་བཟོ་ལས་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས་12.3%འཕར་ཏེ་ཐོན་སྐྱེད་དང་འཚོ་བར་འགན་ལེན་བརྟན་པོ་བྱུང་ཡོད།

    མ་འཇོག་འཛད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་བཏོན་ཞིང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དུས་མཚུངས་ལས་19.8%འཕར་ནས་ཟླ་བ་དགུ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་ཐུབ་ཡོད། ཐོན་ལས་གཉིས་པར་མ་དངུལ་གཏོང་ཚད་71.2%འཕར་བ་དང་དམངས་ཁྲོད་ཀྱི་མ་དངུལ་གཏོང་ཚད་27.8%འཕར་ནས་ཁྲོམ་རའི་གདེང་ཚོད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་255.83ཟིན་ནས་4.8%འཕར་ཡོད། ཟླ་3པར་བཅད་གྲངས་ཡན་གྱི་འཛད་ཟོག་སིལ་ཚོང་དངུལ་འབོར་15.9%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་ནས་ཡོང་འབབ་ཁག་གསུམ་མདུན་གྲལ་དུ་སླེབས་ཤིང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6483ཟིན་ནས་7.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14553ཟིན་ནས་6.2%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3222ཟིན་ནས་7.8%འཕར་ཡོད། གྲོང་མིའི་ཡོང་འབབ་འཕར་ཚད“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ”མངོན་འགྱུར་བྱུང་བ་དང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དུས་ཚིགས་བཅུ་གཅིག་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའི་ཧྲུའུ་ཅི་ཐེན་ཀོང་ཧྭ་ཡིས“སྤྱི་ཡོངས་ནས་བལྟས་ན། གཞི་ཆེའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས་སྲིད་ཇུས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་དམིགས་ཚད་སྣ་ཚོགས་ཀྱི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་བཤད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་ངོ་བོའི་ཐོག་ནས་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།