དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་2600བཏང་ནས་འཛད་སྤྱོད་ཀྱི་ལག་རྟགས་ཆེན་པོ་སྤྲོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ཉེ་ཆར། རང་སྐྱོང་ལྗོངས་ཀྱིས《2006ལོའི་བོད་རང་སྐྱོང་ལྗོངས་ཀྱི“བདེ་སྐྱིད་བོད་ལྗོངས། རིག་གནས་དམངས་ཕན”གྱི་འཛད་སྤྱོད་ལ་སྐུལ་སྤེལ་གྱི་ཆེད་དོན་བྱེད་སྒོའི་ཇུས་གཞི》(གཤམ་དུ“བྱེད་སྒོའི་ཇུས་གཞི”ཞེས་བསྡུ་རྒྱུ)བཀྲམ་ནས་ཆེད་དོན་མ་དངུལ་སྒོར་ཁྲི་2600བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་སུ“རིག་གནས་དམངས་ཕན་འཛད་སྤྱོད་ཀྱི་ལག་རྟགས་ཆེན་པོ”སྤྲོད་རྒྱུ་དང“དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་བཏང་ནས་རིག་གནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ”ལྟེ་བར་བྱས་ནས་དཔེ་དེབ་དང་འཛད་སྤྱོད་མཉམ་འདྲེས་ཀྱི་རྣམ་པ་ཞིག་གཏོད་རྒྱུ་ཡིན་པ་རེད།

    བྱེད་སྒོའི་ཇུས་གཞི་དེ་དབྱར་གསེང་དང་། སློབ་ཚུགས། རྒྱལ་སྟོན། དགུན་དུས་བོད་དུ་ཡུལ་སྐོར་སོགས་ཀྱི་འཛད་སྤྱོད་བྱེད་མང་བར་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་ཆེ་གྲས་4ཇུས་འགོད་བྱས་ཡོད། ཉེ་དུས་ལྗོངས་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དང་། དཔེ་མཛོད་ཁང་། ཁྱད་ལྡན་དཔེ་ཚོང་ཁང་བཅས་དང་མཉམ་འབྲེལ་ཐོག“གྲོང་ཁྱེར་གསར་པའི་དཔེ་ཀློག་བར་མཐོངས”བཏོད་དེ་ཕུད་འགྲེམས་དཔེ་དེབ་གསར་པའི་རིན་གོང་གཅོག་པ་དང་གྲངས་འཛིན་དཔེ་ཀློག་སོགས་བྱེད་སྒོ་སྤེལ་རྒྱུ་རེད། དབྱར་གསེང་རིང་ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་དང་སྤྲོ་སྣང་ལྡན་པའི་ཚན་རིག་ཁྱབ་གདལ་མངོན་གསལ་དོད་པོ་བྱེད་པ་དང་། ཞིབ་འཇུག་སློབ་སྦྱོང་གི་དེབ་ཐོ་ཁྱབ་བསྒྲགས་བྱེད་པ། ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་རྒྱུན་འཁྱོངས་བྱེད་སྒོ་སྤེལ་བ། “ཕ་མ་དང་བུ་ཕྲུག་གི་དམངས་ཕན་འཛད་སྤྱོད་འཛིན་ཤོག”སྤྲོད་པ། དཔེ་དེབ་མང་པོ་ཉོས་ན་གློག་བརྙན་སྤ་སེའམ་ཡང་ན་མཛེས་ལྗོངས་ཁུལ་གྱི་སྤ་སེ་སྤྲོད་པ་བཅས་བྱ་རྒྱུ་ཡིན་པ་རེད། སློབ་འགོ་ཚུགས་པའི་དུས་ཚིགས་སུ“སློབ་འགོ་ཚུགས་པའི་ལག་རྟགས་ཆེན་པོ”དང“ཡིག་ཆས་ཆེད་སྒྲོམ”ནང་སློབ་ཁྲིད་ཟུར་ཁྲིད་དཔྱད་གཞི་དང་། ཡིག་ཆས་དཔེ་ཁུག སློབ་སྦྱོང་འཕྲུལ་ཆས་སོགས་ཚུད་ཡོད། དགུན་དུས་བོད་ཀྱི་རིག་གནས་འགྲེམས་ཚོང་བྱས་ནས་བོད་ཀྱི་ཁྱད་ལྡན་དཔེ་དེབ་རྩེ་གྲ་དང་། ས་གནས་དེ་གའི་དཔེ་སྐྲུན་དངོས་པོ། རིག་གནས་བསམ་བཀོད་ཐོན་རྫས་བཅས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

    བྱེད་སྒོའི་ཇུས་གཞིའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་རིག་གནས་རིགས་ཀྱི་ཁ་གསབ་ལ་སྐས་རིམ་ལྟར་སྒོར་50ལོན་ན་སྒོར་15གཅོག་རྒྱུ་དང་། སྒོར་100ལོན་ན་སྒོར་30གཅོག་རྒྱུ། སྒོར་200ལོན་ན་སྒོར་60གཅོག་རྒྱུ། སྒོར་300ལོན་ན་སྒོར་90གཅོག་རྒྱུ་བཅས་རེད། སྤྲོ་གསེང་ལྟ་ཀློག་ཁང་གི་བཟའ་བཏུང་ཁ་གསབ་20%ལས་བརྒལ་གྱི་མེད་པ་རེད། ཁ་གསབ་ཁྱབ་ཁོངས་ནང་དཔེ་དེབ་དང་། དུས་དེབ། གྲངས་འཛིན་ལྟ་ཀློག་ཐོན་རྫས། ཡིག་ཆས། ལྟ་ཀློག་ཞབས་ཞུའི་ཐོན་རྫས་བཅས་ཚུད་ཡོད་པ་རེད། འཛད་སྤྱོད་པས་དྲ་ཕྱིའི་ཕྱོགས་གསུམ་པའི་ལས་སྟེགས་བརྒྱུད་འཛད་སྤྱོད་འཛིན་ཤོག་ལེན་ཆོག་པ་དང་། སླར་ཡང་ཚོང་དུད་ཀྱི་ཞིབ་རྩིས་གཙང་དག་བརྒྱབ་ནས་རིན་གོང་གཅོག་པའི་བྱེད་སྒོའི་ནང་ཞུགས་ཆོག་ལ་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ནས་ཆ་རྐྱེན་འཛོམས་པའི་དཔེ་དེབ་ཉོས་ཏེ་དྲ་ཐོག་ནས་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།