རྩལ་ནུས་བསླབས་ནས་སློབ་མའི་འཇོན་ཐང་འཕེལ་བར་བྱེད་པའི་ལས་ལ་འབད།
——རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སྤེན་པ་སྒྲོལ་དཀར་གྱི་སྐོར་བཀོད་པ།
བོད་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ལག་རྩལ་སློབ་གྲྭར་ཞོགས་པའི་ཉི་གཞོན་དལ་གྱིས་འཕྲོས། དངོས་སྦྱོང་ཁང་དུ་སློབ་མ་ཚོས་གཡོས་སྦྱོར་སྦྱོང་བ་དང་། དངོས་སྦྱོང་སློབ་ཁང་ནང་འཚེམ་འཁོར་གྱི་སྒྲས་ཁེངས་པ། གློག་ལས་དངོས་སྦྱོང་ཁང་དུ་གློག་ཉམས་བཟོ་བྱེད་སྟངས་སྦྱོང་བ་སོགས་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པའི་རྣམ་པ་དེ་སློབ་གྲྭའི་རྒྱུན་གཏན་བྱ་བར་གྱུར་ཡོད།
ཉིན་བཞིན་ཡར་རྒྱས་འགྲོ་བའི་རྣམ་པ་དེ་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་སྤེན་པ་སྒྲོལ་དཀར་གྱིས་ལས་གནས་བརྟན་སྲུང་དང་སློབ་མ་དྲིན་གྱིས་བསྐྱངས་པ་དང་ཁ་འབྲལ་ཐབས་མེད། ཁོང་གིས་ལོ་18རིང་ལས་རིགས་སློབ་གསོའི་འཐབ་ས་དང་པོར་བཟོ་བོའི་ལག་རྩལ་ལ་བརྟེན་ནས་བཟོ་བོ་གསོ་སྐྱོང་བྱས་ཏེ་སློབ་གྲྭའི་སྣེ་ཁྲིད་དེ་ཐོག་མའི་གསོ་སྦྱོང་ལྟེ་གནས་ཤིག་གོམ་པ་རེ་རེ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་སློབ་མ་ཁྲི་སྟོང་མང་པོར་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བའི་ལམ་བུ་ཞིག་བཏོད་ཡོད།
ལས་རིགས་སློབ་གསོའི་ལམ་བུ་བཏོད།
2008ལོར་བོད་ལྗོངས་མི་རིགས་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས་ནས་ཐོན་པའི་སྤེན་པ་སྒྲོལ་དཀར་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ལས་རིགས་མཐུན་ཚོགས་ཀྱི་ལས་ཀར་ཞུགས་པ་དང་ལས་རིགས་སློབ་གསོའི་བྱ་གཞག་དང་ལས་དབང་གཅིག་ཏུ་སྦྲེལ། སྐབས་དེ་དུས་ཁག་དང་པོའི་གསོ་སྦྱོང་ནང་ཞུགས་མཁན་ཕལ་ཆེ་བ་ནི་ཞིང་འབྲོག་གཞོན་ནུ་ཡིན་ཞིང་། ངལ་ནུས་ལ་བརྟེན་ནས་འཚོ་ཐབས་བྱེད་མཁན་ཁོང་ཚོའི་མིག་ཟུང་ལས་འབྱུང་འགྱུར་ལ་བཅངས་པའི་རེ་བ་ཟབ་མོ་མངོན།
“ཁོང་ཚོར་ལག་རྩལ་སྣ་གཅིག་བསླབས་ཚེ། ཁོང་ཚོའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་བམ” འཚོ་བར་འགྱུར་ལྡོག་གཏོང་འདོད་པའི་ཁོང་ཚོའི་ངོ་གདོང་ལ་ལྟ་བཞིན་སྤེན་པ་སྒྲོལ་དཀར་གྱིས་འགྱུར་མེད་ཀྱི་དམ་བཅའ་ཞིག་བཞག
དམ་བཅའ་དེ་སྒྲུབ་ཆེད་སྤེན་པ་སྒྲོལ་དཀར་གྱིས་སེམས་ཤུགས་ཡོད་རྒུས་ལས་རིགས་སློབ་གསོའི་འཐབ་ས་དང་པོར་འབད་བརྩོན་བྱེད་འགོ་བརྩམས། སྐབས་དེ་དུས་སློབ་གྲྭ་ཟེར་ཡང་གསོ་སྦྱོང་ལྟེ་གནས་ཙམ་ཞིག་ཡིན་པ་དེར་རྒྱ་ཁྱོན་སྨི་ངོས་གྲུ་500ཡང་མེད་ལ། བོགས་གཏོང་ས་ཆ་ཞིག་ཡིན་པས་ཆ་རྐྱེན་ཡང་ཧ་ཅང་ཞན་པོ་ཡོད། དགེ་རྒན་དང་ལས་བཟོ་3ལས་མེད་པས་ཁོང་མི་གཅིག་གིས་སློབ་ཁྲིད་དང་། དོ་དམ། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་ལས་ཀ་ཚང་མ་བྱེད་དགོས་པ་དང་། སློབ་གྲྭའི་འགྲུལ་སྐྱེལ་རླངས་འཁོར་ཆུང་ཆུང་གཅིག་བུ་དེ་བཏང་ནས་སློབ་གྲྭའི་ཆེད་དུ་ཕར་འགྲོ་ཚུར་འོང་བྱས་ཏེ་སེམས་ནུས་ཡོད་ཚད་སློབ་གཉེར་ཐད་འཇོག་གི་ཡོད།
ཁོང་གིས་གོམ་པ་རེ་རེ་བཞིན་འགག་སྒྲོལ་དཀའ་སེལ་བྱས་ཏེ་གསོ་སྦྱོང་ལྟེ་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྣེ་ཁྲིད་བྱས་ཤིང་། 2018ལོར་གསོ་སྦྱོང་ལྟེ་གནས་དེ་བོད་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་རིམ་སྤོར་བྱས་པ་དང་སློབ་གྲྭའི་རྒྱ་ཁྱོན་སྨི་ངོས་གྲུ་2000བར་རྒྱ་སྐྱེད་བཏང་། 2020ལོའི་ཟླ་4པར་བོད་ཀྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ལག་རྩལ་བཟོ་པའི་སློབ་གྲྭར་མིང་འགྱུར་རྒྱུའི་ཆོག་མཆན་ཐོབ་ནས་ལྗོངས་ནང་ཁུལ་གྱི་ཉིན་གང་ལམ་ལུགས་ཀྱི་ལས་རིགས་སློབ་གསོ་འཛུགས་སྐྱོང་གི་གཙོ་གནད་སློབ་གླིང་ཁག་དང་པོར་གྱུར།
རྩལ་ནུས་རྨང་གཞི་བརྟན་དུ་བཏང་།
ལོ་མང་རིང་སྤེན་པ་སྒྲོལ་དཀར་གྱིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་མི་སྣ་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱས་ཤིང་། ཞིང་འབྲོག་སློབ་མ་མི་ཉུང་བ་ཞིག་གི་རྒྱ་སྐད་ཀྱི་རྨང་གཞི་ཞན་པར་བསམ་གཞིག་བྱས་ཏེ་ཁོང་གིས“རིགས་པའི་གཞུང་ལུགས་དང་། དངོས་སྤྱོད། སྐད་ཡིག”བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་གསོ་སྦྱོང་བྱེད་ཐབས་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་དེ་སློབ་ཁྲིད་སློབ་ཚན་གྱི་ནང་དོན་གཙོ་བོར་བརྩིས་ནས་སློབ་མའི་རྒྱ་སྐད་ཆུ་ཚད་མཐོ་རུ་བཏང་ཡོད།
ཆེད་ལས་བཀོད་སྒྲིག་ཐད་སྤེན་པ་སྒྲོལ་དཀར་གྱིས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་ལས་རིགས་23ལ་ཁྱབ་པའི་གསོ་སྦྱོང་མ་ལག་ཆ་ཚང་ཞིག་བཙུགས་ཡོད། གཡོས་སྦྱོར་དང་། གྱོན་ཆས་འཚེམ་བཟོ། གློག་ལས་སོགས་སྲོལ་རྒྱུན་ཆེད་ལས་ཐོག་ཀོག་ཧྥེ་བ་དང་དྲ་རྒྱའི་ཐད་གཏོང་སོགས་གསར་དར་ཆེད་ལས་ཁ་གསབ་བྱས་པས་ཞིང་འབྲོག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ། མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱི་མི་འདྲ་བའི་སྣ་མང་ཅན་གྱི་སློབ་སྦྱོང་དགོས་མཁོ་གང་ལེགས་བསྐངས་པ་མ་ཟད། ལས་རིགས་ཁག་ལ་ཆེད་ལས་རྩལ་ནུས་ཤེས་ལྡན་པ་མཁོ་འདོན་བྱས་ཡོད།
སློབ་གྲྭ་བཙུགས་ནས་ད་བར་རིམ་རྩིས་བརྒྱབ་ན་སློབ་མ་ཁྲི་3.6གསོ་སྐྱོང་བྱས་པའི་ནང་སློབ་མ་60%ལྷག་ཙམ་ལས་ཞུགས་བརྟན་པོ་བྱུང་བ་མ་ཟད། སློབ་མ་5400ལྷག་ཙམ་གྱིས་རང་བརྟེན་ལས་གཏོད་བྱས་ཡོད། གྲངས་གཞི་དེ་དག་ལས། སྤེན་པ་སྒྲོལ་དཀར་གྱིས་ལོ་18རིང་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་ཕུལ་ནས་ཁྱིམ་ཚང་མང་པོ་ཞིག་གིས་ལག་རྩལ་སྣ་གཅིག་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པར་དཔང་པོ་བྱས་ཡོད།
དམངས་ལ་བརྩེ་སེམས་ཟབ་མོ་བཅངས།
གུང་ཁྲན་ཏང་ཡོན་སྤེན་པ་སྒྲོལ་དཀར་གྱིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དེ་སློབ་གཉེར་གྱི་ཐོག་མའི་བསམ་འདུན་དང་ཟུང་འབྲེལ་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲོ་སྐྱིད་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད།
དིང་རིའི་ཡོམ་འགོག་གེགས་སེལ་སྐབས་སུ་ཁོང་གིས་མགྱོགས་མྱུར་དགེ་སློབ་སྒྲིག་འཛུགས་བྱས་ནས་གཅེས་སེམས་ཁ་ལག་བཟོ་བ་དང་གེགས་སེལ་དངོས་ཟོག་གྲབས་གསོག་བྱས་ཏེ་རུ་སྣེ་ཁྲིད་ནས་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་ཡོད། རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཁོང་གིས་རྒྱུན་དུ་དགེ་སློབ་ཀྱི་སྣེ་ཁྲིད་དེ་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་མི་ཧྲེང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་ཚོགས་སྤྱི་སོགས་ལ་འཚམས་འདྲིའི་དངོས་ཟོག་སྤྲོད་པ་དང་ལྟ་རྟོག་བྱེད་ཀྱི་ཡོད། ཁྱིམ་ནས་འབྲལ་ཐབས་མེད་པའི་ཞིང་འབྲོག་པར་དམིགས་ནས་ཁོང་ཚོའི་ཁྱིམ་དུ་བསྐྱོད་དེ་ལག་རྩལ་བསླབས་པ་དང་རྩལ་ནུས་སློབ་ཁང་གྲོང་གསེབ་ཀྱི་འཐབ་ས་དང་པོར་སྣུར་སྲིང་བྱས་ཡོད། ཕ་ཡུལ་ལ་དྲིན་ལན་འཇལ་བའི་ལྷག་བསམ་བཅངས་ཏེ་ཁོང་གིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ས་གནས་དེ་གའི་མང་ཚོགས་ལ་རྩལ་ནུས་བསླབས་ཏེ་ཕ་ཡུལ་ལ་དྲིན་ལན་འཇལ་ཡོད།
ལས་རིགས་སློབ་གསོའི་འཐབ་ས་དང་པོར་གཞི་ཚུགས་ནས་ལོ་མང་སོང་རིང་ཁོང་ལ་རག་པའི་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ། རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བཅས་ཀྱི་གཟི་བརྗིད་མཚན་སྙན་རེ་རེ་ནི་སྤེན་པ་སྒྲོལ་དཀར་གྱིས་དངོས་སྒྲུབ་དང་སྐད་གྲགས་མེད་པར་འབད་འཐབ་བྱས་པར་ཁས་ལེན་བྱས་པ་ཞིག་རེད། ད་ཆ་སྤེན་པ་སྒྲོལ་དཀར་གྱིས་སྔར་བཞིན་སློབ་གཉེར་གྱི་འཐབ་ས་དང་པོར་སློབ་གྲྭའི་དོ་དམ་ལ་སྤྱི་འདོམས་དང་། རྣམ་གྲངས་འབྲེལ་མཐུད་ལ་སྐུལ་འདེད། གྲོང་གསེབ་ཏུ་གཤམ་སྐྱོད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། ཁོང་ལ་མཚོན་ན་གཟི་བརྗིད་མཚན་སྙན་ནི་གདེང་འཇོག་ཅིག་རེད་ལ། དེ་བས་ལྗིད་ཏིག་ཏིག་གི་འགན་འཁྲི་དང་ལྕག་སྐུལ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།