གམ་པའི་ལུག་ཕྱིར་འཚོང་གི་ཐབས་མཆོག
ཞོགས་པའི་ཆུ་ཚོད་བདུན་པར་སྐྱ་མདའ་བཏང་མ་ཐག་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གུར་མེ་ཤང་གི་འབྲོག་པ་རྣམ་རྒོད་ཀྱིས་ལུག་ཁྱུ་ལྷས་ར་ནས་གློད། གམ་པའི་ལུག་ནི་ས་བབ་སྨི་4700ཡན་གྱི་གངས་ཆུ་འཐུང་བ་དང་ས་མཐོའི་རང་བྱུང་འབྲོག་རྩྭ་ཟས་སུ་བསྟེན་པས། ཤ་འབོལ་ཞིང་དམར་དྲི་མེད་སྟབས་ལྗོངས་ཕྱི་ནང་དུ་སྔ་ས་ནས་སྐད་གྲགས་ཆོད་ཡོད། འོན་ཀྱང་ཁོང་གིས་ལུག་ཤ་ཞིམ་པོ་ཡོད་ཀྱང་འཚོང་དགོས་ན་ལས་སླ་པོ་མེད་པ་གསལ་པོ་ཤེས་ཀྱི་ཡོད་པ་སྟེ། སྔོན་མ་བོད་ནས་ཕྱིར་འཚོང་དགོས་ན་ཚང་མ་གཞུང་ལམ་ལ་བརྟེན་དགོས་ཤིང་། ལྷ་ས་བར་ཉིན་གཉིས་འགོར་བ་དང་དེ་ནས་ལྗོངས་ཕྱིར་འཚོང་གི་ཡོད་པས་འཛད་སྤྱོད་པའི་ལག་ཏུ་སླེབས་སྐབས་སོས་པ་དེ་ཙམ་མེད། ལུག་ཁོག་གཅིག་འཚོང་བའི་སྲོལ་རྒྱུན་གྱི་ཐབས་ལམ་དེས་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་དང“ལུག་ཡག་པོ་ཡོད་ཀྱང་གོང་ཡག་པོ་མ་རག་པ”དེ་ནི་རྣམ་རྒོད་ཀྱི་ལོ་མང་གི་སེམས་ནད་ཅིག་རེད།
ཡོན་ཐུང་བདེ་བགྲོད་ཟོག་འདྲེན་ཚོགས་པ་ལྷུན་གྲུབ་ཏུ་འབྱོར་རྗེས་འགྱུར་ལྡོག་འགྲོ་འགོ་ཚུགས་པ་དང་། ཚོགས་པའི་འགན་འཁུར་བ་ཝང་དབྱང་གིས་ལྷུན་གྲུབ་རྫོང་དུ་ཐོག་མར་སླེབས་སྐབས་ཀྱི་རྣམ་པ་དེ་བརྗེད་མེད་ཅིང་། ཁོང་གིས“ཤང་དང་གྲོང་རྡལ་མང་པོར་མྱུར་སྐྱེལ་ཤར་གཏོང་ཐུབ་མེད་སྟབས། འབྲོག་པས་སྦག་སྦག་ལ་བཞོན་ནས་རྫོང་གྲོང་དུ་བསྐུར་མ་སྐུར་བར་འགྲོ་དགོས་པ་དང་། བསྐུར་མ་གཅིག་སྐུར་བར་ཉིན་གསུམ་བཞི་ཙམ་འགོར་བ་ནི་རྒྱུན་གཏན་རེད”ཅེས་བཤད། 2022ལོར་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཟོག་འགྲུལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཤང་དང་གྲོང་ཚོར་རིམ་བཞིན་མྱུར་སྐྱེལ་སྐྱེལ་བདེ་རུ་སོང་བ་མ་ཟད། བསྐུར་མའི་འབོར་ཚད་ཀྱང་རིམ་བཞིན་མང་དུ་སོང་ཡོད། གུར་མེ་ཤང་གི་ལུག་ནག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལུག་ཀྱང་གྲོང་ཚོ་ནས་ལྷ་ས་ལྷུན་གྲུབ་རྫོང་དུ་སྡེབ་སྐྱེལ་བྱེད་པར་ད་ཆ་ཉིན་གཅིག་ལས་འགོར་གྱི་མེད།
ཆེས་དམིགས་བསལ་ཆེ་ཤོས་ཤིག་ནི། ལུག་རེ་རེའི་ལུས་ཐོག་ཏུ་བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་ཁུངས་འདེད་བློ་བདེའི་ཨང་རྟགས་རེ་སྦྱར་ཡོད་པས། ཨང་རྟགས་དེ་བཤེར་ན་འབྲོག་རའི་ཆ་འཕྲིན་དང་། ལས་སྣོན་དུས་ཚོད། སྐྱེལ་འདྲེན་ལམ་ཐིག་བཅས་ཚང་མ་དེ་མ་ཉིད་དུ་ལྟ་ཐུབ་ཀྱི་ཡོད།
“དེ་སྔོན་ཚོང་ཤག་གིས་ལུག་འདི་དངོས་གནས་བོད་ཀྱི་ལུག་རེད་དམ་ཞེས་དྲི་སྐབས། ང་ཚོས‘དངོས་གནས་རེད’ཟེར་བ་ལས་ར་སྤྲོད་བྱེད་ཐབས་གཞན་པ་གང་ཡང་མེད། ད་ཆ་ཨང་རྟགས་བཤེར་ན་སྐད་ཆ་ག་རེ་བཤད་པ་ལས་ཀྱང་གོ་ཆོད་པ་འདུག”ཅེས་གུར་མེ་ཤང་གནས་ཆེན་གྲོང་ཚོའི་ཞིང་སྟོབས་ལུག་ནག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཉི་མས་དགོད་འཚེར་འཚེར་ངང་བརྗོད།
ཐུམ་སྒྲིལ་བརྒྱབ་ཟིན་པའི་གམ་པའི་ལུག་ཤ་ལྷུན་གྲུབ་ནས་གོང་དཀར་གནམ་ཐང་དུ་དབོར་རྗེས། བོད་ལྗོངས་མཁའ་འགྲུལ་ཁུལ་གསར་མ་འཇོག་ཚད་ཡོད་ཀུང་སིས་སྦྲེལ་མཐུད་མཐུན་སྦྱོར་བྱས་པའི་ལྷ་ས་ནས་ཨེ་ཀྲོའུ་བར་གྱི་ཧྲུན་ཧྥུང་གི་ཟོག་འདྲེན་གནམ་གྲུར་བསྐུར་གྱི་ཡོད། གནམ་གྲུ་དེ་གཟའ་འཁོར་རེར་ཐེངས་རེ་འཕུར་གྱི་ཡོད་པ་དང་། འཕུར་ཐེངས་རེར་སྐྱེལ་འདྲེན་བྱེད་ནུས་ཏུན་22ནས་23བར་ཡིན་པ། ཆུ་ཚོད་3ནང་ཐད་ཀར་ཨེ་ཀྲོའུ་ཡི་ཟོག་འདྲེན་ལྟེ་གནས་སུ་འབྱོར་གྱི་ཡོད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི“བསྐུར་ཐེངས་གཉིས”ཀྱི་བྱེད་སྟངས་གསར་པ་སྤྱད་པ་དེ་ཡིན་ཞིང་། ཐེངས་དང་པོར་ལྷ་ས་ནས་ཨེ་ཀྲོའུ་གཞན་ཡུལ་མཛོད་ཁང་དུ་འབོར་ཆེན་དབོར་ཏེ་གཅིག་སྡུད་ཐོག་དངོས་ཟོག་གྲབས་གསོག་དང་། འཁྱགས་ཕད་མ་བླུགས་པར་མ་གནས་གྲོན་ཆུང་བྱེད་ཀྱི་ཡོད། ཐེངས་གཉིས་པར་དྲ་ཐོག་ཚོང་དོན་གྱི་མངགས་ཐོ་གཞིར་བཟུང་གཞན་ཡུལ་མཛོད་ཁང་ནས་མངགས་ཐོ་བགོས་ཏེ་འཁྱགས་ཕད་བླུགས་རྗེས་ཐུམ་སྒྲིལ་བརྒྱབ་ནས་བསྐུར་གྱི་ཡོད་པས་དུས་ཚོད་ལ་གྲོན་ཆུང་ཐུབ་ཀྱི་ཡོད། བསྐུར་ཐེངས་གཉིས་འབྲེལ་མཐུད་བྱས་པ་དེས་གམ་པའི་ལུག་ཤ་ཆུ་ཚོད་48ནང་རྒྱལ་ཡོངས་ས་གནས་ཁག་གི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་བཤམས་ཐུབ་ཀྱི་ཡོད།
ཨེ་ཀྲོའུ་གཞན་ཡུལ་མཛོད་ཁང་དུ། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྦྲག་བསྐུར་གྲོས་མཐུན་བཞག་པའི་འཛད་སྤྱོད་པའི་ཨང་གྲངས་ལ་དོ་དམ་བྱ་རྒྱུ་ཚོད་ལྟའི་ངང་ཁྱབ་གདལ་བཏང་ནས་མཉམ་ལས་ཚོང་ཤག་གི་གཅིག་གྱུར་ཨང་གྲངས་ཐོ་འགོད་བྱས་པ་དང་། བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་སྦྲག་སྐུར་ཁུངས་འདེད་གྲངས་གཞིའི་ལས་སྟེགས་སྤྱད་ནས་བརྒྱུད་རིམ་ཧྲིལ་པོ་མགོ་སྦྲེལ་དང་དུས་ཐོག་ཏུ་རྗེས་སྙེག་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག བོད་ལྗོངས་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་ཁུངས་འདེད་བྲིན་ཚོང་ཕྱོགས་བསྡུས་ལས་སྟེགས་རིམ་སྤོར་བྱས་ཏེ་གསོ་ཚགས་ནས་རྩིས་ལེན་བར་གྱི་བརྒྱུད་རིམ་ཧྲིལ་པོའི་གྲངས་གཞི་སྦྲེལ་མཐུད་བྱེད་བཞིན་ཡོད་པ་མ་ཟད། མཐུན་སྦྱོར་བྱས་ཏེ་ཐོན་ཡུལ་གྱི་ཁོར་ཡུག་ཐད་གཏོང་བྱེད་བཞིན་ཡོད་ཅིང་། འཛད་སྤྱོད་པ་ཐད་གཏོང་ཁང་དུ་འཛུལ་ན་གམ་པའི་ལུག་འཚོ་སྡོད་བྱེད་སའི་གངས་རི་ཆུ་དྭངས་དང་གནམ་སྔོན་སྤྲིན་དཀར་མཐོང་ཐུབ་ཀྱི་ཡོད་སྟབས། “བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ཀྱི་ཐོན་ཟོག་ཡག་པོ་འཚོང་དགོས”ཞེས་པ་དེ་ནི་འབོད་ཚིག་ཅིག་གཏན་ནས་མིན།
གམ་པའི་ལུག་གི་ཕྱིར་འཚོང་ལམ་བུ་ལས། བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་ཟོག་འགྲུལ་མ་ལག་རིམ་སྤོར་གྱི་བསྡུས་རིས་མངོན་པ་མ་ཟད། “བོད་ཟོག་དེ་བས་མང་བ་བོད་ནས་ཕྱིར་གཏོང”བྱེད་པའི་ལམ་བུ་གསར་པའང་འཚོལ་ཞིབ་ཐུབ་ཡོད། བོད་ལྗོངས་སྦྲག་སྲིད་དང་། མྱུར་སྐྱེལ་ཁེ་ལས། བོད་ལྗོངས་དྲ་ཐོག་ཚོང་དོན་ཀུང་སི་སོགས་ཕྱོགས་མང་པོའི་ཐུན་མོང་འབད་བརྩོན་འོག ས་མཐོའི་ཐོན་ཟོག་སོས་པ་བོད་ནས་ཕྱིར་འཚོང་བྱེད་པའི་ལམ་བུ་དཔེ་གསར་དེ་གངས་རིའི་འདབས་ནས་དེ་བས་ཡངས་པའི་ཁྲོམ་རའི་ཕྱོགས་སུ་སྣུར་སྲིང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།