གཡང་གཟར་འཕྲང་འགག་བདེ་བའི་ལམ་བུར་གྱུར། ལམ་རྒྱུད་མང་ཚོགས་སྐྱིད་པའི་ཉི་མ་ཤར།
འདི་ག་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་བཅར་འདྲི་ཚོགས་ཆུང་གིས།

འདི་ནི་ཤར་གངས་ལའི་ལམ་རྙིང་པ་ཡིན་པ།

འདི་ནི་ཤར་གངས་ལའི་ལམ་བཟོ་བ་རྒན་གྲས་ཉི་ཤར་ཡིན་པ།

འདི་ནི་ཤར་གངས་ལའི་ཕུག་ལམ་ཡིན་པ། (དཔྱད་གཞིའི་པར་རིས)
1979ལོའི་ཟླ་8ཚེས་24ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག《དཔལ་འབར་རྫོང་གིས་མང་ཚོགས་ལ་བརྟེན་ནས་གཞུང་ལམ་འཛུགས་སྐྲུན་ཤུགས་ཆེན་བྱས》 ཞེས་པའི་འཕྲིན་སྤེལ་ནང“དཔལ་འབར་རྫོང་ཁོངས་སུ་རི་མཐོ་གཡང་གཟར་མང་བས་རྟ་བཞོན་ན་ལམ་བར་དུ་ཉིན་གསུམ་འགོར་གྱི་ཡོད་ཅིང་། ལོ་ལྟར་རྫས་ལུད་དབོར་མཁན་ཁལ་མ་རྒྱལ་མོ་རྔུལ་ཆུར་ལྷུངས་པའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད”ཅེས་བཀོད་ཡོད།
ལོ་46སོང་རྗེས་ཀྱི་2026ལོའི་ཟླ་3པར། འདི་ག་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་ཆེད་དོན་བཅར་འདྲི་ཚོགས་ཆུང་དཔལ་འབར་རྫོང་དུ་བསྐྱོད། རླངས་འཁོར་ལ་བསྡད་དེ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྐར་མ་20ཙམ་སྐྱོད་སྐབས་ཤར་གངས་ལ་མིག་མདུན་དུ་འཆར། གཡུ་འབྲུག་འཁྱིལ་བ་ལྟར་གྱི་ལམ་རྙིང་པ་སྤྱིར་ན་མཐོང་སར་མེད་ཅིང་། ད་ཆ་རིང་ཚད་ལ་སྨི་4392ཡོད་པའི་ཕུག་ལམ་ནས་བསྐྱོད་ཚེ། སྐར་མ་8དང་སྐར་ཆ་17ལས་མི་འགོར་བར་འཁྱུག་ཙམ་ཞིག་ལ་སྤྱི་གླིང་ཤང་དུ་འབྱོར་གྱི་ཡོད།
བརྒལ་དཀའ་བའི་ཤར་གངས་ལ།
ཤར་གངས་ལའི་ས་བབ་མཐོ་ཚད་སྨི་5290ཡོད་ཅིང་། དེ་སྔ་ཇ་རྟའི་ཚོང་ལམ་དང་། ཁྲོན་བོད་གཞུང་ལམ། བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་ལམ་བཅས་ཀྱི་ཁྲོད་ནས་བརྒལ་དཀའ་ཤོས་ཀྱི་ལམ་ཞིག་ཡིན་པས་དེར“བོད་སྐྱོད་འཕྲང་ལམ་དང་པོ”ཞེས་བརྗོད་ཀྱི་ཡོད། རི་རྩེར་ལོ་འཁོར་མོར་གངས་གསོག་ཐེབས་པ་དང་རི་སྐེད་དུ་སྨུག་པ་འཁྲིགས་ཤིང་། དབྱར་དུས་སུ་ལ་འདི་བརྒལ་བར་བློ་སྟོབས་དང་ཤེད་ཤུགས་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། ལོ་ངོ་དུ་མའི་རིང་། ཚོང་པ་དང་འགྲུལ་པ་འདི་ནས་སྐྱོད་སྐབས་མི་སྐྲག་མཁན་གཅིག་ཀྱང་མེད།
ལོ་72ལ་སླེབས་པའི་བགྲེས་སོང་ཉི་ཤར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་དཔལ་འབར་བ་རེད། ཁོང་གིས“དེ་སྔ་ལོ་ལྟར་ཟླ་10པ་ནས་ཕྱི་ལོའི་ཟླ་4པའི་བར་གངས་ཆེན་པོ་བབས་ནས་ལམ་འགག་གི་ཡོད”ཅེས་བརྗོད་བྱུང་། ཁོང་གིས་སྔོན་མ་རྫོང་གྲོང་ནས་སྤྱི་གླིང་ཤང་དུ་བསྐྱོད་པར་ཉིན་གཉིས་འགོར་བ་དང་ལྷ་སར་བསྐྱོད་དགོས་ན། ཆབ་མདོའམ་ཡང་ན་ནག་ཆུ་སོགས་བརྒྱུད་རྟ་བཞོན་པའམ་ཡང་ན་རླངས་འཁོར་ལ་བསྡད་ནས་བསྐྱོད་ན་ཟླ་ཕྱེད་ཏག་ཏག་འགོར་གྱི་ཡོད། ཐེངས་ཤིག་ཚ་བ་ཆེན་པོ་རྒྱས་པའི་མི་ཞིག་ལ་རྒྱག་སྐབས་རི་རྩེར་དྲན་པ་འཐོར་བ་མཐོང་མྱོང་ཡོད་ཅེས་བརྗོད་བྱུང་། ཉི་ཤར་གྱིས“ལོ་ཞིག་གི་དགུན་ཁར་གྲོང་ཚོ་གཅིག་པའི་སྦྲུམ་མ་གཅིག་ཕྲུ་གུ་བཙའ་དཀའ་བར་གྱུར་པ་དང་རི་ལམ་གངས་ཀྱིས་འགག་པར་བརྟེན་མ་བུ་གཉིས་ཀ་སྲོག་སྐྱོབ་ཐུབ་མ་སོང”ཞེས་ཡིད་མུག་པོས་དེ་ལྟར་བཤད།
1979ལོར་སྤེལ་བའི་གསར་འགྱུར་ཞིག་གི་ནང“མང་ཚོགས་ཚོས་དགུན་དཔྱིད་གཉིས་སུ་འབད་འཐབ་བྱས་ནས་ཐོ་ཕྲུག་སྐྱོད་ཐུབ་པའི་ལམ་ཁོད་སྙོམས་པོ་ཞིག་བསྐྲུན་ཡོད” — དེ་ནི་ལྕགས་ཧྲེང་དང་། འཇོར་དང་སྦྱག་མ། ས་འབུད་འཕྲུལ་འཁོར་རྙིང་པ་བཅས་ལ་བརྟེན་ནས་གཡང་གཟར་དུ་ལམ་སྐྲུན་པའི་ལོ་རབས་ཤིག་ཡིན་ཞེས་བྲིས་ཡོད།
འཕྲང་ལམ་བདེ་ལམ་དུ་གྱུར།
དུས་རབས་20པའི་ལོ་རབས་90པར་དཔལ་འབར་རྫོང་གིས་ལམ་བཟོའི་མ་དངུལ་བརྩོན་ལེན་བྱས་ཏེ་ལྕགས་ཧྲེང་དང་འཇོར་སྦྱག་མ་སོགས་སྟབས་བདེའི་ལག་ཆ་ཉོས་པ་དང་ལམ་བཟོ་མང་ཚོགས་ལ་ཉིན་གཅིག་ལ་འཚོ་བའི་ཁ་གསབ་སྒོར་1དང་སྒོར་ཟུར་8ལས་མེད་མོད། འོན་ཀྱང་མང་ཚོགས་ཀྱི་ཧུར་སེམས་ཧ་ཅང་ཆེ་བས་ཕོ་མོ་རྒན་གཞོན་ཚང་མས་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། ལོ་65ལ་སླེབས་པའི་ཏང་ཡོན་རྒན་གྲས་ཚེ་རིང་རྡོ་རྗེས“ཉིན་ལྟར་བཟའ་སྡོད་ཚང་མ་རི་སྟེང་དུ་བྱེད་པ་དང་། སྦྲ་གུར་ནང་ཉལ་བ་དང་རྩམ་པ་ཁོ་ན་ཟ་གི་ཡོད། སྐབས་རེ་རྩམ་པའང་རྫོགས་ནས་ཇ་ཐང་ཁོ་ན་འཐུང་གི་ཡོད། འོན་ཀྱང་ཚང་མས་ལམ་བཟོ་བ་ནི་ཕ་ཚ་བུ་རྒྱུད་ཀྱི་ཆེད་དུ་ཡིན་པ་གསལ་པོ་རྟོགས་པས་འཁང་ར་བྱེད་མཁན་གཅིག་ཀྱང་མེད”ཅེས་བརྗོད་བྱུང་།
ལོ་དེར་ལམ་ཤར་གཏོང་ཐུབ་ཅིང་། མ་གཞི་རྡོ་ཧྲུག་གི་ལམ་དེ་དབྱར་དུས་ཆུས་འཁྱེར་བ་དང་དགུན་དུས་ལམ་འགག་པ་སོགས་བྱས་ཀྱང་ལམ་ཤར་གཏོང་ཐུབ་པ་ནི་མིག་མཐོང་ལག་ཟིན་གྱི་བྱ་བ་ཞིག་ཡིན། དཔལ་འབར་བས་ཐོ་ཕྲུག་བཏང་ནས་ཤར་གངས་ལ་བརྒྱུད་ནས་བསྐྱོད་ཅིང་། ལམ་ཤར་གཏོང་ཐུབ་པའི་ཉིན་དེར་མི་སེར་མང་པོ་ཞིག་མི་རབས་ནས་མི་རབས་བར་ཟླ་ཕྱེད་ལྷག་ཙམ་བསྐྱོད་དགོས་པའི་ལམ་དེ་ད་ཆ་ཤར་གཏོང་ཐུབ་པ་མཐོང་སྐབས་ཚང་མ་དགའ་ངུ་ཤོར།
དེ་རྗེས་ཀྱི་ལོ་20ལྷག་ཙམ་རིང་གཞུང་ལམ་རེ་རེ་བྱས་ནས་ཤར་གཏོང་ཐུབ་ཡོད། ས་རྡོའི་ལམ་ནས་རྡོ་ཧྲུག་ལམ་བར་དང་། རྡོ་ཧྲུག་ལམ་ནས་སྣུམ་ནག་ལམ་བར། རི་ལམ་རྙིང་པ་ནས་ཕུག་ལམ་བར་བཅས་ཀྱི་འགྱུར་ལྡོག་བརྒྱུད་ཅིང་། 2024ལོའི་ཟླ་9ཚེས་29ཉིན་སྤྱིའི་རིང་ཚད་ལ་སྨི་4392ཡོད་པའི་ཤར་གངས་ལའི་ཕུག་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད་ལ། རྒྱལ་ལམ་349ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་སྟེ། དཔལ་འབར་ནས་ལྷ་ས་བར་ལམ་ཐག་སྤྱི་ལེ་300ཙམ་ཐུང་དུ་ཕྱིན་ནས་རི་ཀླུང་བརྒལ་ནས་བསྐྱོད་པ་དེ་ལོ་རྒྱུས་སུ་གྱུར།
དཔལ་འབར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཙེ་ཕའེ་ཡིས“ཞོགས་པ་དཔལ་འབར་ནས་ཐོན་ཏེ་ཕྱི་དྲོ་ལྷ་སར་སླེབས་པ་དང་། དེ་ནས་མཚན་མོའི་གནམ་གྲུར་བསྡད་ཚེ་དགོང་མོ་ཁྲེང་ཏུའུ་རུ་འབྱོར་གྱི་ཡོད། ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་རྣལ་དུ་ཕབ་ནས་རྩ་བ་ཚུགས་ཚེ་དཔལ་འབར་ལ་གཞི་ནས་རེ་བ་ཡོད”ཅེས་བརྗོད་བྱུང་།
རི་ཆུ་སྔོ་ལྗང་གིས་བརྒྱན་པ་དང་ལས་རིགས་དར་ཞིང་རྒྱས།
ཕུག་ལམ་ཤར་གཏོང་ཐུབ་རྗེས་ལུང་ཁུག་གི་མཛེས་ལྗོངས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན།
ས་བབ་སྨི་4100ཡི་སར་ཡོད་པའི་མདོག་གསུམ་མཚོ་ནི་མཚོ་དཀར་དང་། མཚོ་སེར། མཚོ་ནག་བཅས་ལས་གྲུབ་ཅིང་། དེ་སྔ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རང་བྱུང་གི་མཚོ་ཞིག་ཏུ་ངོས་འཛིན་གྱི་ཡོད། ཕུ་ཡུལ་གྲོང་ཚོ་དང་པོ་མདོག་གསུམ་མཚོའི་འགྲམ་དུ་གནས་པ་དང་སྔོན་མ་དེ་གར་འགྲིམ་འགྲུལ་སྟབས་བདེ་པོ་མེད། ད་ཆ་སྣུམ་ནག་ལམ་འཁྱགས་རོམ་དང་མཚོའི་ཉེ་འགྲམ་བར་བཟོས་ཡོད་ལ། དམངས་སྲོལ་གནས་ཚང་མང་པོ་བཙུགས་ཡོད་པ་དང་གྲོང་ཚོའི་སློབ་ཆེན་སློབ་མས་ཐད་གཏོང་བརྒྱུད་དངོས་ཟོག་འཚོང་གི་ཡོད། ཉེ་བའི་ལོ་ཤས་རིང་། མདོག་གསུམ་མཚོར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ཞིང་། གྲངས་གཞི་ལས་མངོན་པར། ཕུ་ཡུལ་གྲོང་ཚོ་དང་པོས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་12ཙམ་ལ་སྣེ་ལེན་ཞུས་ནས་གྲོང་ཚོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་བརྒྱ་ཕྲག་མང་པོ་བྱུང་བ་དང་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཡན་དུ་སླེབས་ཡོད།
དེ་སྔའི“བོད་སྐྱོད་འཕྲང་ལམ་དང་པོ”དེ་ཡུལ་སྐོར་བ་ཚོས་དགའ་ཤོས་བྱེད་པའི་གནས་བཟང་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་བ་མང་དུ་ཕྱིན་པ་དང་ཆབས་ཅིག་ཐོན་ལས་ཀྱང་དར། དཔལ་འབར་གྲོང་རྡལ་སྤུ་བཀྲ་གྲོང་ཚོར་གནས་མཆོག་ཁ་བཏགས་བཟོ་གྲྭ་བཙུགས་ནས་དཔལ་འབར་ཐོན་ལས་གླིང་ནས་ཧ་སག་སི་ཐན་དུ་ཁ་བཏགས་ཕྱིར་གཏོང་ཐེངས་དང་པོ་བྱས། སྙེ་མོ་ཤང་གི་གླ་བ་གསོ་ཚགས་རྟེན་གཞི་བཙུགས་པར་བརྟེན་བོད་ཀྱི་གླ་བ་མི་ཐབས་གསོ་ཚགས་བྱེད་པའི་སྟོང་ཆ་གསབ་པ་དང་ལག་ཡོད་གླ་བ་མགོ་གྲངས་300ཙམ་ཡོད་པའི་ཚད་ལྡན་ཅན་གྱི་ཐོན་ལས་རྟེན་གཞི་བསྐྲུན་ཡོད། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་ལུང་ཁུག་ཏུ་གཞིས་ཚུགས་པས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།
ཟླ་ཕྱེད་དང་། ཉིན་1 སྐར་མ་8དང་སྐར་ཆ་17བཅས་བར་དང་ཉིན་7ནང་མྱུར་སྐྱེལ་ཤང་དུ་འབྱོར་བའི་འགྱུར་ལྡོག་ལས་ཤར་གངས་ལར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་འཕྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།