ཤེས་བྱ་གསར་པ་དང་འདུ་ཤེས་གསར་པ་བོད་ལྗོངས་ས་མཐོར་ཁྱབ་གདལ་གཏོང་བ།
བོད་ལྗོངས་ཀྱི་གཞི་རིམ་སྣེ་ཁྲིད་པ་པེ་ཅིང་དུ་སློབ་སྦྱོང་ལ་བསྐྱོད་པའི་ཟིན་ཐོ།

“ད་ཐེངས་ང་པེ་ཅིང་དུ་ཕྱིན་པར་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། ཤེས་བྱ་གསར་པ་དང་འདུ་ཤེས་གསར་པ་སྦྱངས་པ་ཡིན། ངས་གྲུབ་འབྲས་འདི་དག་ཕ་ཡུལ་དུ་ཁྱབ་གདལ་གཏོང་གི་ཡིན” བོད་རང་སྐྱོང་ལྗོངས་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་ཀྱི་སྣེ་ཁྲིད་པ་པེ་ཅིང་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་སྐྱོད་པའི་བྱེད་སྒོར་ཞུགས་མཁན་ཚེ་རིང་ཆོས་འཕེལ་བོད་དུ་ལོག་མ་ཐག་གསར་འགོད་པར་གོང་གི་ཆ་འཕྲིན་འདི་བསྐུར།
ལོ་28ལ་སླེབས་པའི་སློབ་ཆེན་སློབ་མ་ཚེ་རིང་ཆོས་འཕེལ་གྱིས་ཕ་ཡུལ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་དུ་ལོག་ནས་ཞིང་ལས་ཐོན་རྫས་ཚོང་དོན་ཀུང་སི་ཞིག་བཙུགས་ཤིང་། དེ་སྔ་ཚབ་ཁྲིད་དགེ་རྒན་ཞིག་ཡིན་པའི་ཁོང་གིས་2022ལོར་ལས་ཀ་ནས་རྩ་དགོངས་ཞུས་ཏེ་ལས་གཏོད་བྱེད་འགོ་བརྩམས་པ་རེད།
སོ་དྲུག་ཤང་གི་ས་བབ་མཐོ་བ་དང་ཉི་འོད་ཕོག་ཡུན་རིང་བས་ཡུལ་དེའི་ཞོག་ཁོག་སྤུས་ཀ་དག་པོ་ཡོད། ཡིན་ནའང་དེ་སྔ་འཚོང་ལམ་ཞན་པས་ཐོན་རྫས་ཡག་པོ་ཡོད་རུང་རིན་གོང་མཐོ་པོ་རག་གི་མེད། ཚེ་རིང་ཆོས་འཕེལ་གྱིས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་ཐབས་ལམ་བཏོད་པ་མ་ཟད། “ཡར་ཀླུང་འོན”ཞེས་པའི་ཞོག་ཁོག་གི་སྤུས་རྟགས་ཀྱང་རེ་ཞུ་ཐོ་འགོད་བྱས་ནས་ཡུལ་མི་དུད་ཚང་89ཡི་སྣེ་ཁྲིད་དེ། ཞོག་ཁོག་མུའུ་150གཞི་ཁྱོན་ཅན་གྱི་སྒོ་ནས་བཏབ་པར་མུའུ་རེར་ཐོན་འབབ་རྒྱ་མ་2900ཟིན་པ་དང་། ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་217ལྷག་ཙམ་ཟིན་ནས་ཡུལ་མི་ཚོར་ཁེ་སྤོགས་སྒོར་ཁྲི་108བགོ་འགྲེམས་བརྒྱབ་སྟེ་ཁོང་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་དངོས་སུ་ཐོབ་པར་བྱས་ཡོད།
སྐབས་བཟང་པོ་འཁེལ་བ་ཞིག་སྟེ། ཚེ་རིང་ཆོས་འཕེལ་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་ཀྱི་སྣེ་ཁྲིད་པ་པེ་ཅིང་དུ་རྟོག་ཞིབ་དང་སློབ་སྦྱོང་ལ་སྐྱོད་པའི་བྱེད་སྒོར་ཞུགས་པ་རེད། ཡུལ་དངོས་སུ་ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས་སོགས་བྱེད་པ་དང་། གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། སྤུས་རྟགས་གསར་གཏོད་སོགས་ཐད་ཀྱི་འདུ་ཤེས་དང་ཐབས་ཤེས་སློབ་སྦྱོང་བྱས་པ་བརྒྱུད་གཉེར་སྐྱོང་དོ་དམ་དང་ཁྲོམ་ར་སྦྲེལ་མཐུད་སོགས་ཀྱི་འཇོན་ཐང་གཙོ་བོ་ཆེ་རུ་བཏང་ཡོད།
ད་ཐེངས་ཀྱི་རྟོག་ཞིབ་ཚོགས་པའི་ཁོངས་མི་ཚང་མ་གཞི་རིམ་ནས་ཡིན་ཞིང་། དེ་དག་གི་གྲས་སུ་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྣེ་ཁྲིད་ཀྱི“འབད་འཐབ་པ”ཡོད་ལ། ཡུལ་མིར་ལག་རྩལ་གསར་པ་སློབ་སྦྱོང་དང་མི་ཚེའི་རིན་ཐང་འཚོལ་རོགས་བྱེད་མཁན“ལམ་སྟོན་པའང”ཡོད། ཁོང་ཚོས་པེ་ཅིང་གི“བརྒྱ་སྟོང་ལས་གྲྭའི”དཔེ་སྟོན་གྲོང་ཚོ་དང་ཚན་རྩལ་གསར་གཏོད་གླིང་སོགས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་རེད།
དབང་པོ་སྐྱོན་ཅན་བསྟན་འཛིན་དངོས་གྲུབ་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་དུ་དིང་རི་རྫོང་སྒང་དཀར་གྲོང་རྡལ་དབང་པོ་སྐྱོན་ཅན་མི་རིགས་་ལག་ཤེས་བཟོ་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་དེ་བཞིན་ཡུལ་སྐོར་དྲན་རྟེན་དངོས་པོ་བཟོས་ནས་འཚོང་གི་ཡོད། ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། དང་ཐོག་ལས་མི་7ལས་མེད་པའི་བཟོ་ཁང་ཆུང་ཆུང་དེ་ད་ཆ“ཡག་པོ”ཞེས་པའི་ཚོང་རྟགས་ཡོད་ཁར་ལོ་རེར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1600ཟིན་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཞིག་ཏུ་གྱུར་ཡོད། མིག་སྔར་གཏན་འཇགས་ལས་མི་118ཡོད་པ་དང་། མི་644ལས་ཞུགས་ཐུབ་པར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པའི་ནང་དབང་པོ་སྐྱོན་ཅན་64ཡོད་པ་རེད།
“ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཐོན་རྫས་ཇུས་འགོད་དང་སྤུས་ཚད་ཐད་ཀྱི་རེ་བའང་མཐོ་རུ་འགྲོ་ཡི་འདུག དེར་བརྟེན་ང་ཚོས་ངེས་པར་དུ་གསར་གཏོད་བྱེད་དགོས”ཞེས་བསྟན་འཛིན་དངོས་གྲུབ་ཀྱིས་བཤད་པ་དང་། ཁོང་གིས། ད་ཐེངས་ཀྱི་རྟོག་ཞིབ་སློབ་སྦྱོང་ལས་ངས་དྲ་སྦྲེལ་གྱི་གཏིང་ཤུགས་ཆེན་པོ་རྟོགས་བྱུང་། གོམ་སྟབས་རྗེས་མར“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ཕྱིར་ཚོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་བས་ཐག་རིང་པོར་འཚོང་ཐུབ་པ་དང་ཚོང་ལམ་དེ་བས་ཡངས་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།
སོས་ཀའི་དྲོད་ཁོལ་གྱིས་རྒྱལ་སའི་རྩྭ་རྩི་ཤིང་ཡོད་དོ་ཅོག་ལ་གསོན་ཤུགས་རྒྱས་པ་མ་ཟད། ཐོན་ལས་ཀྱི་འདུ་ཤེས་གསར་པ་དང་མཉམ་ལས་ཀྱི་སྙིང་སྟོབས་དེ་བས་འཕེལ་བཞིན་ཡོད། ད་ཆ་སྣེ་འཁྲིད་པ་40ལྷག་ཙམ་གྱིས་བསམ་གཞིག་ནན་པོ་དང་སེམས་ཤུགས་ཆེར་སྐྱེད་ལ་བརྟེན་ནས་ཐོབ་པའི་འབྲས་བུ་གངས་ལྗོངས་ས་མཐོར་ཁྱབ་གདལ་གཏོང་བཞིན་ཡོད་ཅིང་། ཁོང་ཚོས་རྒྱལ་སར་སྦྱངས་པའི་ཤེས་བྱ་གསར་པ་དང་འདུ་ཤེས་གསར་པ་དག་ཐོན་ལས་འཕེལ་རྒྱས་དང་ཡུལ་མིར་འབབ་འཕར་ཡོང་བའི་སྒུལ་ཤུགས་གསར་པར་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།