དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥེའི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་འཚོགས་པ།

    ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཉམ་དུ་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏའེ་ཁའེ་རན།   |     སྤེལ་དུས།  2026-04-28

    ཉེ་ཆར། ཀྲུང་ཧྥེའི་ཁེ་ལས་མཁས་ཅན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པར་གནས་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། གླེང་སྟེགས་ཀྱིས“ཀྲུང་ཧྥེའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཉམ་དུ་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཨ་ཧྥེ་རི་ཁའི་ཀྲུང་གོའི་ཚོང་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་སྲིད་གཞུང་དང་། ཁེ་ལས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་ཀྱིས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཐོན་ལས་རིམ་སྤོར་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་ཧྥེའི་མཉམ་ལས་ལ་གཉེན་ཤུགས་ཆེ་བ་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་མངོན་པས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་གྱི་མ་འཇོག་འགྲོ་འོང་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རང་ངོས་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ་དང་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། 2025ལོར་ཀྲུང་ཧྥེའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་3480ཟིན་པ་དེ་དུས་མཚུངས་ལས་17.7%འཕར་ནས་ཀྲུང་གོས་ལོ་17བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ཚོགས་ཞུགས་མི་སྣས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་གཉེར་སྐྱོང་བྱས་པ་དང་བསྟུན་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་འཕྲད་བཞིན་ཡོད་པའི་ངོས་འཛིན་བྱས་པ་རེད།

    “གོ་ལ་ཧྲིལ་པོའི་ས་འབྲེལ་ཆབ་སྲིད་ཀྱི་ངེས་གཏན་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཧྥེ་ཀྲུང་མཉམ་ལས་ལ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་ཁྱད་ཆོས་ལྡན་པའི་བརྟན་པོའི་རང་བཞིན་དང་རྒྱང་ལྟའི་རང་བཞིན་མངོན་ཡོད” ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཐ་ཡས་གླེང་སྟེགས་ཀྱི་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་སྐབས། མིག་སྔར་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱིས་ཞིང་ལས་དེང་རབས་ཅན་དང་། བཟོ་ལས་ཅན། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་དམིགས་པ་དང་། རྒྱལ་ཁབ་ཁག་གིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་བརྒྱུད་མི་འབོར་གྱི་ཁེ་སྤོགས་ཐོབ་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》མགྱོགས་མྱུར་མངོན་འགྱུར་བྱེད་བཞིན་ཡོད། ཀྲུང་གོའི་ཉམས་མྱོང་ལ་ཨ་ཧྥེ་རི་ཁས་དཔྱད་གཞིར་འཛིན་རིན་ཆེན་པོ་ལྡན་ཡོད” ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིའུ་སུའུ་ཧྥུའུ་ཡིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་སོགས་ལམ་སྲོལ་གྱི་སྣེ་ཁྲིད་འོག་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། གཏེར་ལས་སོགས་ཁྱབ་ཁོངས་ཀྱི་ཧྥེ་ཀྲུང་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད།

    “ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་སྣེ་ཁྲིད་འོག་ཀྲུང་ཧྥེའི་འབྲེལ་བ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས་ཡོད། མིག་སྔར། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་། ཐོན་ལས་འཁོར་འབྲེལ་མཉམ་ལས། ལྗང་མདོག་འཕེལ་རྒྱས། དངུལ་རྩའི་རྒྱབ་སྐྱོར་བཅས་ཚུད་པའི་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པར་བརྟེན་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད”ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཅང་ཧྥེང་གིས་ཀྲུང་ཧྥེས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་སྤུས་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་གླེང་སྟེགས་ཀྱི་ལྟེ་བའི་གྲོས་གཞིའི་གྲས་ཤིག་རེད། སྐབས་འདིའི་གླེང་སྟེགས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཏེར་ལས་གསར་སྤེལ། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར། དངུལ་རྩ་དང་ཚོང་དོན་མཉམ་ལས་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་ཡན་ལག་གླེང་སྟེགས་བཙུགས་ཏེ་ཀྲུང་ཧྥེའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བའི་ཐབས་ལམ་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་སྲོལ་རྒྱུན་གྱི་ཚོང་དོན་རྣམ་པ་ནས་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་དུས་མཚམས་གསར་པར་མཆོང་སྐྱོད་བྱེད་བཞིན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

    གླེང་སྟེགས་གཉེར་རིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ཅུས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འོས་སྦྱོར་ཚོགས་འདུ་འཚོགས་ནས་ཨ་ཧྥེ་རི་ཁའི་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་ཆེ་མོ་མཉམ་སྤྱོད་བྱ་རྒྱུའི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོས་ནང་འདྲེན་འགྲེམས་ཚོགས་བསྟུད་མར་གཉེར་བ་དང་ཨ་ཧྥེ་རི་ཁར་སྒོ་ཁྲལ་རྩ་ཆག་གཏོང་བའི་བྱེད་ཐབས་སོགས་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། དེའི་ཐོག་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་ཀྲུང་ཧྥེའི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པའི་ངོས་འཛིན་བྱས་པ་རེད། ཟླ་5ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53ལ་སྒོ་ཁྲལ་རྩ་ཆག་གཏོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་རེད། ཡིའུ་སུའུ་ཧྥུའུ་ཡིས་དེས་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་འབྲེལ་ཨ་ཧྥེ་རི་ཁའི་ཁེ་ལས་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ནང་ཞུགས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།

    “ཀྲུང་གོའི་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ཀྱིས་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྔར་བྱུང་མྱོང་མེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ས་ཁོངས་གཞི་གཅིག་ཅན་དང་ཚོང་དོན་སིའི་ལས་ཚབ་སི་ཀྲང་མེ་ལ་ཁུའུ·ཀེ་པོ་ཡེ·ཏེ་སི་ཐ་ཡིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་བཏང་ནས་སྒོ་ཁྲལ་རྩ་ཆག་སྲིད་ཇུས་བརྒྱུད་ཚོང་དོན་གྱི་ཚད་གཞི་དམའ་རུ་བཏང་བ་མ་ཟད། ནང་འདྲེན་འགྲེམས་ཚོགས་སོགས་ལས་སྟེགས་གལ་ཆེན་བརྒྱུད་ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་ལ་ཀྲུང་གོའི་ཁྲོམ་རར་ཐད་ཀར་ཤར་གཏོང་ཐུབ་པའི་འབྲེལ་ཟམ་བཙུགས་ཡོད། བྱེད་ཐབས་དེ་དག་གིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་ཨེ་ཏི་སི་ཨ་པ་པ་ནས་ཟླ་4ཚེས་25ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།