དབུ་ཤོག>གསར་འགྱུར།
  • ཞིང་འཕྲུལ་གྱིས་ཞིང་ས་གཤིན་པོ་རྨོས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

    སྟོད་ལུང་བདེ་ཆེན་ཆུས་ཆུ་བཟང་གྲོང་ཚོས་གཅིག་སྡུད་ཐོག་འདྲུད་འཐེན་འཕྲུལ་འཁོར་190སྤྲད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་ཆུ་བཟང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་མི་ཚོགས་མང་ཞིང་། གཅིག་སྡུད་ཐོག་འདྲུད་འཐེན་འཕྲུལ་འཁོར་སྤྲོད་པའི་མཛད་སྒོ་དེ་གར་གཉེར་བཞིན་མཆིས། ཁ་བཏགས་གཡོགས་ནས་གྲལ་སྟར་འགྲིག་པོར་བཞག་པའི་འདྲུད་འཐེན་འཕྲུལ་འཁོར་གསར་རྐྱང་དག་རྒྱང་སྐྱོད་ལ་སྒུག་པའི་དཔུང་ཁག་སྟོབས་ལྡན་ཅིག་དང་གཉིས་སུ་མ་མཆིས།

    བྱེད་སྒོ་སྤེལ་ཡུལ་དུ་ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་རྒན་སྐྱོར་གཞོན་ཁྲིད་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས“ལྕགས་གླང”སྤྲོད་པའི་མཛད་སྒོར་ལྟ་བར་ཡོང་ཞིང་། ལ་ལས་འཇམ་ཤིག་ཤིག་གི་ཞིང་འཕྲུལ་ལ་བྱིལ་བྱིལ་བྱེད་པ་དང་། ལ་ལས་འབྱུང་འགྱུར་གྱི་རྨོ་འདེབས་འཆར་གཞིའི་སྐོར་དགའ་ཚོར་ཆེན་པོས་གླེང་བ་སོགས་མི་ཚང་མའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

    སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་ཡུལ་མི་ཚོར་ཞིང་འཕྲུལ་ཁ་གསབ་རེ་ཞུའི་བརྒྱུད་རིམ་དང་། བདེ་འཇགས་ངང་བཀོལ་སྤྱོད་ཚད་ལྡན་བྱེད་ལུགས། རྗེས་མཐུད་ཀྱི་སྲུང་སྐྱོང་བདག་སྐྱོང་ཤེས་བྱ་བཅས་འགྲེལ་བཤད་ཞིབ་ཚགས་རྒྱག་ཞོར་དུ་ཞིང་འཕྲུལ་གྱི་ལྡེ་མིག་གོ་རིམ་ལྡན་པའི་ངང་ཡུལ་མི་ཚོར་སྤྲད། “དེ་སྔ་ཞིང་ཁ་འདེབས་སྐབས་རང་གི་ལག་གཉིས་ལ་བརྟེན་ནས་ས་སློག་རྒྱག་པ་དང་། ཞིང་ཁ་འདེབས་པ། འབྲུ་རིགས་དབོར་བ་བཅས་བྱེད་དགོས། ལས་ཀ་དེ་རིགས་ཤུགས་ལས་ཡིན་པས་ཉིན་གཅིག་ལས་ཀ་བྱས་ཚེ་སྐེད་པ་སོགས་ལ་ན་ཟུག་གཏོང་བ་མ་ཟད། ལས་ཕྱོད་ཀྱང་མཐོ་པོ་མེད། ད་ཆ་སྲིད་གཞུང་གིས་ཁ་གསབ་སྤྲད་པའི་ཁར་གྲོང་ཚོས་ཀྱང་རྒྱབ་སྐྱོར་བྱས་པས་ང་ཚོར་འདྲུད་འཐེན་འཕྲུལ་འཁོར་གཏོང་རྒྱུ་བྱུང”ཞེས་ལྡེ་མིག་རག་མ་ཐག་པའི་ཡུལ་མི་པ་སངས་བསོད་ནམས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། ཁོང་གིས་དེ་མུར་ཁ་ལོ་བའི་རྐུབ་སྟེགས་ཐོག་བསྡད་ནས་ལྡེ་མིག་གཅུས་པ་དང་འབྲེལ་འདྲུད་ཐེན་འཕྲུལ་འཁོར་ནས་ལྡིར་སྒྲ་འུར་འུར་དུ་གྲགས། ཀུན་གྱི་ཡིད་སྨོན་གྱི་མིག་ཟུང་ཁྲོད་ཁོང་གིས་ཞིང་འཕྲུལ་གསར་རྐྱང་ཞིག་བཏང་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ནས་དལ་བུར་ཐོན་ཏེ་རེ་བས་ཁེངས་པའི་ཞིང་ཁའི་ཕྱོགས་སུ་བསྐྱོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྤྲད་པའི་འདྲུད་འཐེན་འཕྲུལ་འཁོར་190ཡི་སྤྱིའི་རིན་ཐང་སྒོར་ཁྲི་300ལྷག་ཙམ་ཟིན་ཞིང་། དེའི་ནང་སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཆེད་སྤྱོད་ཁ་གསབ་སྒོར་ཁྲི་102.6སྤྲད་པ་དང་དེ་བྱིངས་ཚང་མ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་བཏང་བས་ཡུལ་མིས་དངུལ་སྐར་གང་ཡང་སྤྲོད་དགོས་བྱུང་མེད།

    ཞིང་ལས་འཕྲུལ་ཆས་ཅན་ནི་ཐོན་སྐྱེད་ཡོ་བྱད་གསར་བཅོས་བྱས་པ་ཞིག་རེད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་ལ་མཆོང་སྐྱོད་བྱུང་བ་ཞིག་དེ་བས་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཆུ་བཟང་གྲོང་ཚོས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་བརྟེན་ནས། སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་པའི་འཇུར་མིག་ལས་ཚད་བརྒལ་ཐུབ་སྟེ། བོད་སྨན་གྱི་སྨན་རྒྱུ་དང་སྤུས་ལེགས་ནས་སོགས་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཀྱི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།