གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
རྣམ་གྲངས་ཁག་104རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ།
ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་ཁག་བདུན་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གྲངས་ཁྱོན་ཁག་104བདེ་བླག་ངང་ཚུད་པ་དང་། དེའི་ནང་ཚུད་པའི་གྲངས་འབོར་གྱིས་ལྗོངས་ཡོངས་ཀྱི་ཁག་བདུན་པའི་རྣམ་གྲངས་ཀྱི་མིང་གཞུང་གི་བསྡོམས་འབོར་གྱི་24%བཟུང་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ད་ཐེངས་གཞིས་རྩེ་གྲོང་ཁྱེར་གྱི་བདམས་ཐོན་བྱུང་བའི་རྣམ་གྲངས་ནང་། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རིགས་ཆེན་པོ་དགུ་ཚུད་པའི་ཁྲོད་དམངས་ཁྲོད་ཀྱི་རྩོམ་རིག་5དང་། སྲོལ་རྒྱུན་གྱི་རོལ་དབྱངས་7 སྲོལ་རྒྱུན་གྱི་ཞབས་བྲོ་22 སྲོལ་རྒྱུན་གྱི་ཟློས་གར་6 སྲོལ་རྒྱུན་གྱི་ལུས་རྩལ་དང་། རོལ་རྩེད། རྩལ་རྩེད་3 སྲོལ་རྒྱུན་གྱི་མཛེས་རྩལ་15 སྲོལ་རྒྱུན་གྱི་ལག་རྩལ་25 སྲོལ་རྒྱུན་གྱི་གསོ་རིག་12 དམངས་སྲོལ་9བཅས་ཚུད་ཡོད་པ་རེད། རྣམ་གྲངས་ཀྱི་རིགས་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་བ་དེ་ཐོག་ནས་གཞིས་རྩེ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་གཏིང་ཟབ་པ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་གང་ལེགས་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“སྲུང་སྐྱོང་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་དེར་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་1181དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་1127ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཁག་20དང་རྒྱུན་འཛིན་པ་15དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་ཁག་227དང་རྒྱུན་འཛིན་པ་99 གྲོང་ཁྱེར་རིམ་པའི་རྣམ་གྲངས་ཁག་204དང་རྒྱུན་འཛིན་པ་334 རྫོང་རིམ་པའི་རྣམ་གྲངས་ཁག་730དང་རྒྱུན་འཛིན་པ་679བཅས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།