ཐོག་མའི་བསམ་འདུན་མི་འགྱུར་ཐུགས་ལ་བཅངས།
བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་དེ་སྔའི་མཐོ་རིམ་རྩོམ་སྒྲིག་པ་བསོད་ནམས་ཆོས་འབྱོར་ལགས་ལ་བཅར་འདྲི་ཞུས་པ།

བསོད་ནམས་ཆོས་འབྱོར་ལགས(གཡས་ཀྱི་དང་པོ)ཀྱིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པར་ཕུལ་བའི་སྨོན་ཚིག་ཡིན་པ།
ད་ལོའི་ཟླ་4པའི་ཚེས་22ཉིན《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་མཚམས་འདིར་ངེད་ཚོ་གསར་འགོད་པས་ཚགས་པར་ཁང་གི་གསར་འགྱུར་ལས་དོན་པ་རྒན་རབས་ཁྲོད་ཀྱི་མཐོ་རིམ་རྩོམ་སྒྲིག་པ་བསོད་ནམས་ཆོས་འབྱོར་ལགས་ལ་སྔོན་ཆད་ཀྱི་འདས་དོན་ཐད་བཅར་འདྲི་ཞུ་བར་འབྲེལ་བ་བྱས་མོད། རྒན་ལགས་ཁོང་རྒྱལ་ནང་གི་ཁྲེང་ཏུའུ་གྲོང་ཁྱེར་དུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་བརྒྱད་པར་ཞུགས་བཞིན་ཡོད་པ་དང་ངེད་ཚོས་ཁ་པར་ནས་བཅར་འདྲི་ཞུས་པ་དང་དེ་མིན་ཁོང་གིས་མཁོ་འདོན་གནང་བའི་དྲན་གསོའི་རྩོམ་ཡིག་ལས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གལ་ཆེའི་ལོ་རྒྱུས་ཀྱི་དུམ་བུ་ཟིན་ཐོར་བཀོད་པ་ཡིན།
1965ལོའི་ཟླ་8པའི་ཚེས་5ཉིན། “མའོ་ཀྲུའུ་ཞི་སྐུ་ངོ་མས《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་འགོ་ཡིག་ཕྱག་བྲིས་གནང་བའི”གཏམ་བཟང་དེ་ཚགས་པར་ལས་ཁུངས་ཀྱི་སྒོ་ར་ཡོངས་སུ་གྲགས་ཤིང་། ཚགས་པར་གཉེར་མཁན་རྒན་གྲས་ཚང་མ་དགའ་ངུ་དབང་མེད་དུ་ཤོར། ལོ་ངོ་70ཡི་གོང་གི་གནས་ཚུལ་དག་ཕྱིར་དྲན་བྱེད་སྐབས་ད་ལྟའང་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ལེར་དྲན་གྱི་འདུག
1966ལོའི་ཟླ་4པའི་ཚེས22ཉིན《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་10འཁོར་བའི་སྔ་ནུབ་སྟེ། 1965ལོའི་ཟླ8པའི་ཚེས་30ཉིན་རྟེན་འབྲེལ་ཚོགས་ཆེན་འཚོག་སྐབས་ཀྱི་རྣམ་པ་དེ་ང་ཚོ་ཚོགས་ཆེན་ལ་དངོས་སུ་ཞུགས་མཁན་གྱི་སེམས་ནང་ནམ་ཡང་བརྗེད་མི་སྲིད་པའི་རྡོ་རིང་ཞིག་ཏུ་གྱུར་ཡོད། ཉིན་དེར་ལྷ་སའི་ནམ་མཁའ་གཡའ་དག་ལ་ཉི་འོད་ཀྱང་ཚོགས་ཁང་གསར་པའི(ད་ཆའི་དབུན་ཀྲོའུ་ཚོང་ར་ཡིན)ཐོག་ཚ་ཐིང་ངེར་འཕྲོས། ངེད་ཚོ་ཚགས་པར་གཉེར་མཁན་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ཚོགས་ཁང་གསར་པར་དགའ་སྤྲོའི་ངང་མཉམ་འཛོམས་བྱས་ཤིང་མིག་ཟུང་ལ་རེ་སྒུག་གིས་ཁེངས།
ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཉིས་པ་ཀྲང་གོ་ཧྭ་དང་། ཧྲུའུ་ཅི་གཞོན་པ་ཝང་ཆི་མེ། ད་དུང་ཀྲང་ཙའེ་དབང་དང་དབྱིན་ཧྥ་ཐང་སོགས་འགན་འཁུར་བློ་མཐུན་ཕེབས་པས་ཚོགས་རའི་རྣམ་པ་སྔར་བས་བརྗིད་ཉམས་ལྡན་པར་གྱུར། བློ་མཐུན་ཀྲང་གོ་ཧྭ་ཡིས་མའོ་ཀྲུའུ་ཞིའི་ཕྱག་བྲིས་སྐབས་དེའི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འགོ་ཁྲིད་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཅིན་ཧྲ་ལ་དངོས་སུ་བརྒྱུད་སྤྲོད་བྱེད་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་བར་མེད་དུ་གྲགས་ཤིང་། ཚང་མའི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ནས་དེ་ནི《བོད་ལྗོངས་ཉིན་རེའི་ཚགས་པར》ལ་ཐུགས་ཁུར་མཛད་པ་ཙམ་མ་ཟད། དེ་བས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་ཞིག་ཡིན་པའི་ཚོར་སྣང་བྱུང་།
སྤྱི་ཁྱབ་རྩོམ་སྒྲིག་པ་བློ་མཐུན་ཅིན་ཧྲ་ཡིས་ཕྱག་བྲིས་ལག་ཏུ་ལེན་པའི་དུས་དེར། ཚོགས་ར་ཡོངས་སུ་སླར་ཡང་དགའ་བསུ་བར་མེད་དུ་གྲགས་ཤིང་། དགའ་བསུའི་ཁྲོད་དགའ་ངུ་དང་དགའ་འབོད་ཡོད་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་གཙོ་འཛིན་ལ་བཅངས་པའི་དགའ་གུས་ཚད་མེད་འདུས་ཡོད་ལ། ཚགས་པར་གཉེར་མཁན་རྒན་གྲས་ཚོས“མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར་ཏང་གི་ཚགས་པར་ཡག་པོ་གཉེར་རྒྱུའི”འགྱུར་མེད་ཀྱི་དམ་བཅའ་ཡང་འདུས་ཡོད།
1964ལོར། ངས་གསར་འགྱུར་བྱ་གཞག་ལ་ཡིད་སྨོན་ཆེན་པོ་བཅངས་ནས《བོད་ལྗོངས་ཉིན་རེའི་ཚགས་པར》ལས་ཁུངས་སུ་ལས་ཀར་ཞུགས་པ་ཡིན། ངའི་ཐོག་མའི་ལས་གནས་ནི་པར་སྐྲུན་ཁང་གི་ལྕགས་པར་སྒྲིག་བཟོ་དང་པར་ངོས་སྒྲིག་མཁན་ཞིག་ཡིན། སྐབས་དེ་དུས་ཀྱི་པར་སྐྲུན་ཁང་ནི“ཞ་ཉེ་མེ་ཐབ”དང་ཁ་བྲལ་ཐབས་མེད་པ་མ་ཟད། རྣ་བར་གཟན་པའི་འཕྲུལ་ཆས་ཀྱི་ལྡིར་སྒྲས་ཁེངས་པ་དང་། ཞ་ཉེའི་གྲང་ཟུག་གི་ཚོར་བ་མྱོང་དགོས་ལ། གང་སར་སྣུམ་སྣག་གི་དྲི་མས་ཁེངས་ཡོད། ང་ཉིན་ལྟར་ཡིག་སྒྲོམ་གྱི་མདུན་དུ་ཙོག་པུར་བསྡད་དེ་ཞ་ཉེའི་ཡི་གེ་ཁྲི་སྟོང་མང་པོའི་ཁྲོད་ནས་ཡི་གེ་བདམས་ཏེ་པར་ངོས་སྒྲིག་དགོས་པས། མཛུབ་མོ་ཞ་ཉེར་བརྡར་ནས་ཆུ་བུར་ཐོན་པ་དེ་བརྡོལ་ནས་ཤ་རོ་མཁྲེགས་པོར་འགྱུར་གྱི་ཡོད། པར་ངོས་སྒྲིག་ཐེངས་རེ་རེ་ནི་ཏང་གི་ཚགས་པར་གྱི་རྨང་གཞི་བརྟན་པོ་འདིང་བྱེད་ཀྱི་རྨང་རྡོ་ལྟ་བུ་ཡིན་པ་ཤེས་ཀྱི་ཡོད།
ལོ་ན་གཞོན་པའི་དུས་སུ་བློ་མཐུན་རྒན་གྲས་ཚོའི་སྣེ་ཁྲིད་འོག་ངས“ཏང་གི་ཚགས་པར་གྱི་ངོ་བོ་ཏང་ཡིན་པའི”ནང་དོན་ཟབ་མོ་རིམ་བཞིན་རྟོགས་བྱུང་།
ངས་བོད་ཡིག་རྩོམ་སྒྲིག་པུའུ་རུ་ལས་ཀ་གཙོ་བོ་གསར་འགྱུར་གྱི་ཁ་བྱང་ལག་བྲིས་རྒྱག་གི་ཡོད་ཅིང་། སྐབས་དེའི་ཚགས་པར་ནི་ཞ་ཉེའི་ཡི་གེས་པར་ངོས་སྒྲིག་དགོས་པས་ཁ་བྱང་གི་ཡིག་གཟུགས་ཆེན་པོ་དེ་འདྲ་མེད་སྟབས་གསར་འགྱུར་གལ་ཆེན་ཡོད་ཚད་ཀྱི་ཁ་བྱང་ནི་མཛེས་རྩལ་རྩོམ་སྒྲིག་པས་ལག་བྲིས་རྒྱག་དགོས་ཀྱི་ཡོད།
1984ལོར། ང་བོད་ལྗོངས་མི་རིགས་སློབ་གླིང་ཆབ་སྲིད་ཚན་ཁག་ལ་རྒྱུགས་འཕྲོད་ནས་སློབ་གཉེར་གྱི་ལམ་བུར་བསྐྱོད། སློབ་གྲྭའི་ནང་ངས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པས། “ཏང་དང་མི་དམངས་ཀྱི་ཆེད་ལས་དོན་སྒྲུབ་པའི”དད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། 1986ལོར་ང་བོད་ལྗོངས་མི་རིགས་སློབ་གླིང་དུ་ཀྲུང་གོ་གུང་ཁྲན་ཏང་ནང་གཟི་བརྗིད་ལྡན་པའི་ངང་ཞུགས་ཏེ་ཏང་དར་འོག་དམ་བཅའ་བཞག དུས་དེ་ནས་བཟུང་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ཏང་གི་གསར་འགྱུར་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་བཅད་པ་ཡིན།
སློབ་གྲྭ་ཐོན་རྗེས་ང་ཡང་བསྐྱར《བོད་ལྗོངས་ཉིན་རེའི་ཚགས་པར》ཁང་དུ་ལོག་ནས་སྔ་རྗེས་སུ་གསར་འགྱུར་རྩོམ་སྒྲིག་ཁང་དང་ས་མཐོའི་གྲོང་གསེབ་གསར་པའི་རྩོམ་སྒྲིག་པུའུ་རུ་ཀྲུའུ་རེན་གྱི་འགན་འཁུར་བ་ཡིན།
1997ལོར། ཨ་རིའི་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡི་གདན་ཞུ་ལྟར་ང་ཨ་རིར་དུས་ཡུན་ཟླ་བ་གཅིག་རིང་རིག་གཞུང་བགྲོ་གླེང་ལ་ཕྱིན་པ་ཡིན། ཨ་རིར་སྡོད་རིང་ངས་གསར་འགྱུར་ལས་ཁུངས་མང་པོར་ཕྱིན་ནས། ཨ་རིའི་གསར་འགོད་པ་དང་མཁས་དབང་དང་སྤེལ་རེས་གཏིང་ཟབ་བྱས་པ་ཡིན་ལ། རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་བསྐྱོད་པ་དང་རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བརྗོད་པ་ཡིན། ཁོང་ཚོར་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ངོ་སྤྲོད་བྱས་པ་དང་ཏང་གི་ཚགས་པར་ཡིན་པའི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་འགན་འཁྲི་དང་ལས་འགན་མངོན་པར་བྱས་པ་ཡིན། བོད་རིགས་ཀྱི་གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ང་ནི་བོད་ཀྱི་འཕེལ་རྒྱས་སྐོར་ཟིན་ཐོར་འགོད་མཁན་ཙམ་ཞིག་མ་ཟད། བོད་ཀྱི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་མཁན་ཞིག་ཀྱང་ཡིན་པས། འཛམ་གླིང་ལ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པའི་འགན་འཁྲི་ཡོད།
2010ལོར། ང་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས་པ་ཡིན། ཚགས་པར་ལས་ཁུངས་ནས་ཁ་བྲལ་བའི་ཉིན་དེར་ངས་རང་ཉིད་དང་ཡུན་རིང་གཤིབ་པའི་ན་གཞོན་རྩོམ་སྒྲིག་པ་ཚོ་དང་བྲལ་མི་ཕོད་པའི་སེམས་པ་ཞིག་སྐྱེས། ད་ལྟ《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ལོ་ངོ་70ཡི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་ཚེ་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག 1956ལོར་ཚགས་པར་ཐོག་མར་འདོན་སྐབས་ཀྱི་མི་ཁ་ཤས་དང་འཕྲུལ་ཆས་ཁ་ཤས་ནས་ད་ཆ་འཚོལ་སྒྲིག་དང་། པར་སྐྲུན། འགྲེམས་སྤེལ་བཅས་ལེ་ལག་ཆ་ཚང་པོ་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད་ལ། “ཞ་ཉེ་མེ་ཐབ”ཀྱི་དུས་རབས་ནས“འོད་དང་གློག”གི་དུས་རབས་དང་། དེ་ནས་ད་ཆའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་རབས་སུ་འཕེལ་རྒྱས་ཕྱིན་ཡོད་ཅིང་། དེའི་བརྒྱུད་རིམ་རེ་རེ་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་ལ། ཚགས་པར་གཉེར་མཁན་མི་རབས་ཁ་ཤས་ཀྱི་བརྟན་སྲུང་དང་ལེགས་སྐྱེས་དང་ཡང་ཁ་འབྲལ་ཐབས་མེད།
འབྲེལ་ཡོད་གསར་འགྱུར།