འཚོ་རྟེན་ལས་སྤྲོད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་བཟང་པོར་གྱུར་བ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་འཚོ་རྟེན་ལས་སྤྲོད་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ས་གནས་དེ་གའི་ཞིང་འབྲོག་པས་ལམ་བཟོ་བ་དང་ཆུ་རྫིང་སྐྲུན་བཞིན་ཡོད།
“སྒོ་འགྲམ་ནས་ལས་ཞུགས་ཐུབ་སྟེ་ཉིན་རེར་གླ་ཆ་སྒོར་200ལྷག་ཙམ་རག་གི་འདུག་ལ། ད་དུང་ཨར་པོའི་ལག་རྩལ་ཡང་ཤེས་བྱུང”ཞེས་གྲོང་མི་ཚེ་རིང་དོན་གྲུབ་ཀྱིས་རྔུལ་ཆུ་ཕྱིས་བཞིན་བཤད།
ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཅིང་གིས། ད་ལོ་ནས་བཟུང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས“འདུ་འགོད་ལ་སྣང་ཆེན་དང་རྒུད་སྐྱོབ་ལ་སྣང་ཆུང་བྱེད་པའི”ཕྱོགས་ལྷུང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་རྣམ་གྲངས་ཀྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་ཤིང་དུ་བརྩིས་ཡོད། གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱིས་སྔ་རྗེས་སུ་རྣམ་གྲངས་གཅིག་སྡུད་ཞིབ་བཤེར་གྱི་ཚོགས་འདུ་ཐེངས་3འཚོགས་ནས་དུས་འགོའི་སྤུས་ཚད་མཐོ་རུ་བཏང་བ་མ་ཟད། གཞི་རིམ་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“འཇོན་ཐང་ངོ་མ”ཆེ་རུ་བཏང་ཡོད།
མང་ཚོགས་ལ་ཕན་པ་སྔ་ཙམ་ཐོབ་པ་དང་ཕན་པ་མང་ཙམ་ཐོབ་པ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་ལས་སླ་བ་དང་ལས་འབོར་མང་བའི་གྲོང་གསེབ་ཀྱི་རྣམ་གྲངས་ཆུང་གྲས་ཤང་དང་གྲོང་རྡལ་གྱི་ཨར་ལས་ཀུང་སི(ཞིང་འབྲོག་པའི་ཨར་ལས་རུ་ཁག)དང་གྲོང་ཚོ་རིམ་པའི་ངལ་ནུས་མཉམ་ལས་ཁང(མཉམ་སྡེབ་དཔལ་འབྱོར་རྩ་འཛུགས)ལ་རྩིས་སྤྲད་ཡོད།
“དེ་སྔ་འགྲོ་ལུགས་གཉེར་བ་ཁོ་ནར་ཟླ་བ་གཅིག་གཉིས་འགོར་གྱི་ཡོད། ད་ཆ་ཟླ་ཕྱེད་ལས་འགོར་གྱི་མེད”ཅེས་ཁྲེན་ཅིང་གིས་བཤད།
སྲིད་ཇུས་ཡག་པོ་ཡོད་མེད་མང་ཚོགས་ཀྱི་འབབ་འཕར་ནས་ཤེས་ཐུབ། གསར་འགོད་པས་ཤེས་རྟོགས་བྱས་པར། ད་ལོའི་དུས་ཚིགས་དང་པོར། ལྷོ་ཁ་གྲོང་ཁྱེར་གྱིས་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཁག་60ཁྱབ་གདལ་བཏང་ནས་ཞིང་འབྲོག་པ་7479ཐག་ཉེ་སར་ལས་ཀ་རག་པར་བྱས་པ་དང་། ངལ་ནུས་གླ་ཆ་སྒོར་ཁྲི་3823སྤྲད་པ། མི་2994ལ་རྩལ་ནུས་གསོ་སྦྱོང་བྱས་པ། དམིགས་ཚད་ཁག་4དུས་མཚུངས་ལས་20%དང་། 63% 13% 79%བཅས་སོ་སོར་འཕར་ཡོད། དེའི་ནང་ངལ་ནུས་གླ་ཆ་སྤྲད་པའི་སྤྱི་འབོར་དང་གསོ་སྦྱོང་མི་གྲངས་ཚང་མ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་བས་མི་སེམས་འགུལ་བ་ཞིག་ནི་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་རྣམ་གྲངས་ཁག་129ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་7.26བཏང་བའི་རྣམ་གྲངས་ཁག་14དངོས་སུ་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་ཁྲི་5823ལས་ཞུགས་ལས་གནས་ལ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།