དབུ་ཤོག
  • ཁེ་གསུམ་དུ་སླར་ཡང་བཅར་འདྲི་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་བ།

    འདི་ག་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་བཅར་འདྲི་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ད་ཆའི་ཁེ་གསུམ་སྡེ་ཁུལ་ཡིན་པ།

    1963ལོའི་ཟླ་11ཚེས་30ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་གཉིས་པའི་ཐོག་བཀོད་པའི་པར་རིས་གསར་འགྱུར《ད་ཆའི་ཁེ་གསུམ་གཞིས་ཀ》ཞེས་པའི་ནང་ཁེ་གསུམ་ཤང་གི་རོགས་རེས་ཚོགས་ཆུང་དང་པོའི་གཡུལ་ཁར་སྤུངས་པའི་ནས་ཕུང་ཡིན་པ། (དཔྱད་གཞིའི་པར་རིས)

    ཁེ་གསུམ་སྡེ་ཁུལ་གྱི་ཡུལ་མི་བཀྲ་ཤིས་བདེ་ལེགས་ཀྱི་ཕིང་བཟོ་གྲྭའི་ནང་བཟོ་པས་ཉི་སྐམ་བཏང་བའི་ཕིང་ཐུམ་སྒྲིལ་ཁུག་མའི་ནང་བླུགས་བཞིན་པ།

    1961ལོའི་ཟླ་11ཚེས་30ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་གཉིས་པའི་ཐོག་འདི་ག་ཚགས་པར་གྱི་གསར་འགོད་པ་ཀུའོ་ཁྲའོ་རེན་དང་ངག་དབང་བསྟན་འཛིན་གྱིས་བྲིས་པའི་རྒྱས་འཕྲིན《གཞིས་ཀ་རྙིང་པའི་རྣམ་པ་གསར་པ》ཞེས་པ་དེའི་ནང་བོད་ཀྱི“དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”དེས་བརྒྱུད་བཞིན་པའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དོན་དངོས་དང་མཐུན་ལ་གསོན་ཉམས་དོད་པོས་ཟིན་ཐོར་བཀོད་ཡོད།

    དུས་རབས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། ང་ཚོས་གསར་འགྱུར་སྤེལ་མཚམས་འཇོག་མི་སྲིད། དེ་རྗེས་ཀྱི་ལོ་60ལྷག་ཙམ་རིང་། ཁེ་གསུམ་གྲོང་ཚོ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོས་མུ་མཐུད་གསར་འགྱུར་གཏོང་སྤེལ་བྱེད་པའི་མ་དཔེ་ཞིག་ཏུ་གྱུར་ཡོད། 《ཁེ་གསུམ་གྱི་བདག་པོས་སྔ་དེང་སྐོར་གླེང་བ》ཞེས་པ་དང་། 《ནང་གཟན་ཞིག་གིས་བརྒྱུད་མྱོང་བའི་ལོ་ཟླ》 《ཁེ་གསུམ་གྱི་གང་སར་ཚན་རྩལ་མེ་ཏོག་བཞད》སོགས་གསར་འགྱུར་རེ་རེའི་ནང་ཁེ་གསུམ་གྲོང་ཚོར་རྒྱུན་ཆད་མེད་པར་ཐོན་པའི་གནས་ཚུལ་གསར་པ་བཀོད་ཡོད་པ་དང་། དེ་དག་མཉམ་དུ་བཀླགས་ཚེ་ཁེ་གསུམ་གྲོང་ཚོས་དཀའ་སྡུག་ནས་འཚོ་བ་གསར་པ་དང་དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་མིག་ལམ་དུ་འཆར་སྲིད།

    《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ། འདི་ག་ཚགས་པར་གྱི་ཆེད་དོན་བཅར་འདྲི་ཚོགས་ཆུང་སླར་ཡང་ཁེ་གསུམ་དུ་བཅར་འདྲིར་བསྐྱོད་དེ་ཡུལ་མི་དང་མཉམ་དུ་སྔ་དེང་དང་། འགྱུར་ལྡོག འབྱུང་འགྱུར་བཅས་ཀྱི་སྐོར་གླེང་ནས་གསར་བརྗེའི་གྲོང་ཚོ་དེ་ནས་བདེ་སྐྱིད་ལྡན་པའི་དྲིས་ལན་ཞིག་འཚོལ་བཞིན་མཆིས།

    “ཡར་ལངས་པའི”དུས་ནས་ལན་བཏབ་པ།

    ལོ་84ལ་སླེབས་པའི་ཏང་ཡོན་རྒན་གྲས་བསོད་ནམས་དོན་གྲུབ་ཀྱིས“བསྡུར་ཐབས་གཏན་ནས་མེད། དཀའ་སྡུག་དངོས་སུ་མྱངས་མྱོང་བས་ད་ཆའི་འཚོ་བ་སྐྱིད་པོ་ཡོད་པ་གསལ་པོར་ཤེས་ཀྱི་འདུག”ཅེས་བརྗོད།

    ཁེ་གསུམ་ནི་སྔོན་ཆད་བོད་རྙིང་པའི་ཞིང་བྲན་བདག་པོའི་གཞིས་ཀ་ཡིན་པ་དང་། ཁེ་གསུམ་བ་ཚོ་ནི་སྔོན་ཆད་སྨག་རུམ་མུན་ནག་གི་འཚོ་བ་སྐྱེལ་མཁན་གྱི་ཞིང་བྲན་རེད།

    དམངས་གཙོའི་བཅོས་སྒྱུར་ལས་ཉི་འོད་དང་སྦྲང་ཆར་ཐོན་ཞིང་། ཁེ་གསུམ་གྲོང་ཚོར་སྔ་རྗེས་སུ་བོད་ཀྱི་ཞིང་པའི་མཐུན་ཚོགས་དང་པོ་དང་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་དང་པོ་བཙུགས་པས། ཁེ་གསུམ་བའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།

    བསོད་ནམས་དོན་གྲུབ་1956ལོར་ཏང་ནང་ཞུགས་པ་དང་དུས་ཡུན་རིང་པོར་གྲོང་ཚོའི་ལས་བྱེད་པའི་འགན་འཁུར་མྱོང་ཡོད་པས། ཏང་གི་དྲོ་འཇམ་ཉི་འོད་ཁེ་གསུམ་གྲོང་ཚོར་འཕྲོས་པ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    གྲངས་གཞི་ལས་འཕོ་འགྱུར་གྱི་བདེན་དཔང་བྱས་ཤིང་། “ཡར་ལངས་པའི”ཁེ་གསུམ་བ་ཚོས་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དེ་བདེ་སྐྱིད་ཀྱི་དཔང་པོ་བྱས་པ་སྟེ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཁེ་གསུམ་གཞིས་ཀར་ཁྱོན་དུད་ཚང་99དང་མི་302ཡོད་པ་དང་། ས་ཞིང་མུའུ་1200ལྷག་ཙམ་ཡོད་པ་ཚང་མ་མངའ་བདག་ལ་དབང་ཡོད། ད་ཆ་ཁེ་གསུམ་སྡེ་ཁུལ་དུ་དུད་ཚང་254དང་མི་886ཡོད་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་2400ཡོད་པས། 2024ལོར་འབྲུ་དང་པད་ཁའི་ཐོན་ཚད་བསྡོམས་འབོར་ཏུན་985ཟིན་ཡོད།

    “སློབ་གྲྭར་འགྲོ་རྒྱུ་བྱུང་བའི”ཉིན་དེ་ནས་ལན་བཏབ་པ།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁེ་གསུམ་གིས་སློབ་ཆུང་བཙུགས་པ་དང་ཞིང་བྲན་གྱི་བུ་ཕྲུག་50ལྷག་ཙམ་སློབ་གྲྭར་འགྲོ་རྒྱུ་བྱུང་ཡོད།

    1963ལོའི་ཟླ་11ཚེས་30ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་པར་རིས་གསར་འགྱུར《ད་ཆའི་ཁེ་གསུམ་གཞིས་ཀ》ཞེས་པ་བཀོད་པ་དེའི་ནང་པར་རིས་གཅིག་གི་གསལ་བཤད་དུ“ཞིང་བྲན་ཨ་ནེ་ཡི་བུ་མོ་ཚེ་རིང་སྒྲོལ་མ་དང་བུ་ཆུང་བ་ཚེ་རིང་སྐལ་བཟང་གཉིས་གཞིས་ཀ་དེའི་ཤེས་ཡོན་ཅན་རབས་དང་པོར་གྱུར་ཡོད”ཅེས་བྲིས་ཡོད།

    ད་ཆ་ལྷོད་ལྷོད་བྱས་ནས་སྡོད་འདོད་མེད་པའི་ཚེ་རིང་སྐལ་བཟང་གིས་སྤུན་མཆེད་ཀྱི་ཕྲུ་གུ་སློབ་གྲྭར་སྐྱེལ་བསུ་བྱེད་རོགས་བྱེད་ཀྱི་ཡོད། དཀར་ཆ་དང་གཙང་སྦྲ་དོད་པའི་སློབ་གྲྭ་དང་། སྒྲིག་ཆས་ཆ་ཚང་བའི་སློབ་ཁང་། དཔེ་ཁུག་ཁུར་ནས་སློབ་གྲྭའི་ཕྱོགས་སུ་སྐྱོད་པའི་ཕྲུ་གུ་བཅས་ལ་ལྟ་གིན། ཁོང་གིས“ཕྲུ་གུ་ཚོའི་འབྱུང་འགྱུར་འོད་སྟོང་འབར་བ་ཞིག་ཡོང་ངེས་ཡིན”ཞེས་རེ་བ་ཆེན་པོས་བརྗོད།

    སློབ་གསོའི་དཔྱིད་རླུང་གིས་ཁེ་གསུམ་བ་དེ་བས་མང་བ་རྒྱང་རིང་གི་གནམ་སའི་ཕྱོགས་སུ་འདྲེན། གྲོང་ཚོའི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་ཞིང་། ལོ་60མན་གྱི་གྲོང་མི་ཚང་མ་ཡི་གེ་ཤེས་ཀྱི་ཡོད་པ་དང་རིམ་རྩིས་བརྒྱབ་ན་ས་ཆ་དེ་གར་སློབ་གྲྭ་ཆེ་མོ་བ་342ཡོད་པ་རེད།

    “འཚོ་བ་བདེ་ཞིང་སྐྱིད་པའི”ལོ་དེ་དག་ལ་ལན་བཏབ་པ།

    ཁེ་གསུམ་དུ་སླེབས་སྐབས་གཞུང་ལམ་འགྲམ་དུ་གནས་པའི་དེང་རབས་ཅན་གྱི་བཟོ་ཁང་ཞིག་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དེ་ནི་ཕྱི་ནས་ཡོང་བའི་མག་པ་བཀྲ་ཤིས་བདེ་ལེགས་ཀྱིས་བཙུགས་པའི་ཕིང་ལས་སྣོན་བཟོ་གྲྭ་རེད། 2025ལོར་ཕྱིར་ཚོང་བྱེད་ཚད་ཏུན་380ཙམ་ཟིན་པ་དང་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་118ཟིན་ནས་ཐོན་རྫས་ལྗོངས་ནང་ཁུལ་གྱི་ཁྲོམ་རར་ཁྱབ་པ་མ་ཟད། ད་དུང་ཀོང་ཏུང་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།

    “ད་ལྟའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་དེ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད”ཅེས་བཀྲ་ཤིས་བདེ་ལེགས་ཀྱིས་བརྗོད། དང་ཐོག་མར་ལས་གཏོད་བྱེད་སྐབས་སྒྲིག་ཆས་ཐབས་ཆག་དང་། ཐོན་འབབ་དམའ་བ། ཕྱིར་ཚོང་ཐབས་ལམ་ཉུང་བ་བཅས་ཡིན་ཞིང་། སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་ཐོབ་རྗེས་ཐོན་ནུས་ཉིན་རེར་རྒྱ་མ་200ནས་རྒྱ་མ་4000བར་འཕར་ཏེ་ཁོང་ཡང་ཡུལ་མི་ཚོའི་འབབ་འཕར་གྱི་སྣེ་ཁྲིད་པར་གྱུར་ནས་རིམ་རྩིས་བརྒྱབ་ན་མང་ཚོགས་320ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

    ཁེ་གསུམ་གྲོང་ཚོའི་ཡོང་འབབ་ཇེ་མང་དུ་སོང་ཞིང་། ཁེ་གསུམ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བདེ་སྐྱིད་དཔལ་སྒྲོན་གྱིས“སྡེ་ཁུལ་གྱིས་མཉམ་སྡེབ་ས་ཆ་གཅིག་སྡུད་དོ་དམ་བྱས་ནས་སྔོ་ཚལ་དྲོད་ཁང་ཆེ་མོ་88བསྐྲུན་པ་དང་དུས་མཚུངས་ཚོང་སྒྱུར་ཁང་པ་དང་གར་སྟེགས་བོགས་མར་གཏོང་བ་དང་ཞིང་འཕྲུལ་མཉམ་ལས་ཁང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ཡོད”ཅེས་བརྗོད། 2025ལོར་སྡེ་ཁུལ་ཡོངས་ཀྱི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.7ལྷག་ཙམ་ཟིན་པ་དང་ཞིང་འབྲོག་ལས་དང་། སྐྱེལ་འདྲེན་ལས་རིགས། ཕྱིར་གླ་པ་རྒྱུག་པ་སོགས་ཐབས་ལམ་སྣ་མང་བརྒྱུད་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད།

    “འཚོ་བ་བདེ་ཞིང་སྐྱིད་པ”དེ་འཚོ་བའི་སྤུས་ཚད་ལས་དེ་བས་མངོན་ཞིང་། ཆུ་འབུད་དང་། གློག་སྒྲོན། སྔོ་འགྱུར་བཅས་ཀྱི་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་མི་དམངས་ཐང་ཆེན་དང་། དམངས་ཕན་ཞབས་ཞུ་ལྟེ་གནས། མི་རིགས་ལག་ཤེས་བཟོ་རྩལ་འགྲེམས་ཁང་བཅས་སྔ་རྗེས་སུ་བསྐྲུན་པ་དང་། མང་ཚོགས་རྣམས་གྲལ་སྟར་འགྲིག་ལ་སྤུས་ཀ་དག་པའི་བོད་བཟོའི་ཁང་པར་བསྡད་དེ་མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་87.5ཟིན་པ། ཁྱིམ་ཚང་ཚང་མར་རླངས་འཁོར་ཆུང་གྲས་ཡོད་ལ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བ་ནི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

    བསམ་པའི་ཉམས་འགྱུར་དེ་བས་ཡག་ཏུ་སོང་ཞིང་། སྡེ་ཁུལ་གྱིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་སྒྲིག་གཤོམ་ཁང་དང་བོད་ཀྱི་གྲོང་གསེབ་ཏང་ཀྲི་པུའུ་ཡི་གནས་རྙིང་དང་པོ་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་པ་དང“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོའི་ཉིན་མོ་དང་ཏང་འཛུགས་དུས་ཆེན་སོགས་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་པ་མ་ཟད་ཡུལ་སྐོར་ཡོང་འབབ་ཀྱང་རག་ཡོད།

    ལས་རིགས་དར་རྒྱས་དང་། ཁྱིམ་ཚང་བདེ་སྐྱིད། ཡུལ་མི་འཆམ་མཐུན། གྲོང་ཚོ་མཛེས་པ་བཅས་མདོར་ན་ཏང་གི་གཟི་བྱིན་འོག་དུས་རབས་གསར་པའི་ཁེ་གསུམ་སྡེ་ཁུལ་དུ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ནང་གནས་སྒུལ་ཤུགས་འཛད་མེད་འཕེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་འབད་འབུངས་ཆེན་པོས་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།