དུས་ཚིགས་དང་པོར་ནོར་སྲིད་གཏོང་སྒོའི་མྱུར་ཚད་ཉེ་བའི་ལོ་ལྔའི་རིང་གི་མགྱོགས་ཤོས་སུ་གྱུར་པ།
ཡོང་འབབ་འཕར་ཚད་འདས་ཟིན་པའི་ལོ་གསུམ་གྱི་དུས་མཚུངས་ཆུ་ཚད་ལས་མཐོ་བ།
ཚེས་24ཉིན། ནོར་སྲིད་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2026ལོའི་དུས་ཚིགས་དང་པོའི་ནོར་སྲིད་གཏོང་ཡོང་གི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.16ཟིན་པ་དེ་དུས་མཚུངས་ལས་2.4%འཕར་བ་དང་འཕར་ཚད་འདས་ཟིན་པའི་ལོ་3གྱི་དུས་མཚུངས་ཚུ་ཚད་ལས་མཐོ་བ་ཡོད་པ། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་7.47ཟིན་པ་དེ་དུས་མཚུངས་ལས་2.6%འཕར་བ་དང་མྱུར་ཚད་ལོ་ལྔའི་རིང་གི་མགྱོགས་ཤོས་སུ་གྱུར་པ། རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་48505ཟིན་པ་དེ་དུས་མཚུངས་ལས་2.2%འཕར་བ་བཅས་རེད།
དུས་ཚིགས་དང་པོར། དཔལ་འབྱོར་འཁོར་རྒྱུག་གི་འགོ་ཡག་པོ་བརྩམས་ནས་ནོར་སྲིད་ཡོང་འབབ་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཁྲལ་བསྡུ་ནས་བལྟས་ན། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་4.9%འཕར་ཏེ། གཙོ་བོ་བཟོ་ལས་དང་ཞབས་ཞུའི་ལས་རིགས་འཕར་བ་དང་། བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ཆག་པ་སོགས་ཀྱི་རྒྱུ་རྐྱེན་གྱི་སྐུལ་འདེད་ཐེབས་ཤིང་། འཛིན་ལོར་ཉོ་ཚོང་གི་འཛིན་ཁྲལ་78.1%འཕར་བ་དེ་གཙོ་བོ་མ་རྐང་ཁྲོམ་རའི་ཉོ་ཚོང་འཁྲུག་ཆ་དོད་པོ་ཡོད་པ་དང་། ནང་འདྲེན་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་12.9%འཕར་བ་དེ་གཙོ་བོ་ནང་འདྲེན་གྱི་འཕེལ་ཕྱོགས་ཤུགས་དང་ལྡན་པ། ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར་7911ཕྱིར་བསློགས་པ་དེ་4.8%འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་འཕར་བར་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།
དུས་ཚིགས་དང་པོར། གཏོང་སྒོའི་མྱུར་ཚད་ལུགས་མཐུན་ངང་མགྱོགས་སུ་བཏང་བ་དང་དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོར་འགན་སྲུང་ཅུང་ལེགས་པོ་བྱུང་ཡོད། དེའི་ནང་འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་12.1%འཕར་བ་དེ་གཙོ་བོ་ཕྲུ་གུ་གསོ་བའི་ཁ་གསབ་གཅིག་སྡུད་ཐོག་སྤྲོད་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁ་གསབ་རོགས་དངུལ་མང་དུ་གཏོང་བ་སོགས་ཡིན་པ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་9%འཕར་ཡོད།
ད་ལོའི་ལོ་འགོར། ནོར་སྲིད་པུའུ་ཡིས་སྣེ་ཁྲིད་དེ་ནོར་སྲིད་དངུལ་རྩའི་མཐུན་སྦྱོར་འོག་ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས་རིམ་བཞིན་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དུས་ཚིགས་དང་པོར། དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཀྱི་དངུལ་བུན་དང་། སྒྲིག་ཆས་གསར་སྒྱུར་དངུལ་བུན། ཞབས་ཞུའི་ལས་རིགས་གཉེར་སྐྱོང་གི་དངུལ་བུན་གཙོ་བོ། སྒེར་གྱི་འཛད་སྤྱོད་དངུལ་བུན་བཅས་གསར་པ་བཏང་བར་རིམ་རྩིས་བརྒྱབ་ན་ཁྱོན་སྒོར་དུང་ཕྱུར་ཁྲི་8.8ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱིས་རིམ་རྩིས་བརྒྱབ་ན་ཁེ་ལས་ལ་མ་དངུལ་སྒོར་དུང་ཕྱུར་3300ཙམ་བསྡུ་སྒྲིལ་བྱེད་པར་རྒྱབ་སྐྱོར་བྱས་པ་དེ་དུས་མཚུངས་ལས་12.8%འཕར་ཡོད།
2026ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་2500བཏང་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱས་ཤིང་། ཁག་གཉིས་སུ་ཕྱེ་ནས་སྒོར་དུང་ཕྱུར་1250གཤམ་སྤྲོད་བྱས་ཡོད། གཟའ་འཁོར་གོང་མའི་བར། འཛད་རྫས་རྙིང་པ་གསར་པར་བརྗེ་བར་བརྟེན་ནས་འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་5400ལྷག་ཙམ་ཟིན་པ་དེས་མི་ཐེངས་ཁྲི་7500ཙམ་ལ་ཕན་པ་ཐོབ་ཡོད། རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པའི་སྣེ་ཁྲིད་འོག་དུས་ཚིགས་དང་པོར་སྒོར་ཁྲི་20ཡན་གྱི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་5%འཕར་བ་དང་བཅད་གྲངས་ཡན་གྱི་འཕྲིན་གཏོང་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་20.8%འཕར་ཡོད།
ད་ལོའི་ལོ་འགོར། ནོར་སྲིད་པུའུ་ཡིས་ཚོང་དོན་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་100བཀོད་སྒྲིག་བྱས་ཏེ། པེ་ཅིང་སོགས་གྲོང་ཁྱེར་50རུ་བྱ་དགའ་ཡོད་པའི་འཛིན་ཤོག་སྤྲོད་པའི་ཚོད་ལྟ་བྱས་ཡོད། གཟའ་འཁོར་སྔོན་མའི་བར་དུ། ཚོད་ལྟའི་གྲོང་ཁྱེར་ལ་བྱ་དགའི་དངུལ་སྒོར་དུང་ཕྱུར་36.8བཏང་སྟེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1600ཙམ་ལ་སྐུལ་ཁྲིད་བྱས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་4.1བྱེད་སྒོར་ཞུགས་པར་མི་ཐེངས་དུང་ཕྱུར་1.7ལ་བྱ་དགའ་ཐོབ་ཡོད།
ས་གནས་ཁག་གི་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ནོར་སྲིད་པུས་ཞིང་ལས་ཐོན་སྐྱེད་ཀྱི་འབྲེལ་ཡོད་སྲིད་ཇུས་མ་དངུལ་ལ་འགན་ལེན་ཧུར་ཐག་བྱས་པ་སྟེ། གཏོང་སྤྲོད་གཞན་སྒྱུར་དང་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སོགས་ཀྱི་ཐབས་ལམ་བརྒྱུད་ཁུལ་དབྱེ་རིགས་དབྱེ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། སྒོར་དུང་ཕྱུར་54བཏང་སྟེ་ས་ནག་སྲུང་སྐྱོང་བེད་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། སྒོར་དུང་ཕྱུར་100.56བཏང་སྟེ་རྨོ་ཞིང་འདེབས་འཇོག་རེས་མོས་ལག་བསྟར་བྱེད་ཁྱོན་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ། སྒོར་དུང་ཕྱུར་162.5བཏང་ནས་འབྲུ་སྣུམ་ཐོན་ཡུལ་གྱི་སྲོ་སྐམ་ནུས་པའི་ཞན་ཆ་མགྱོགས་མྱུར་བསལ་བ། སྒོར་དུང་ཕྱུར་2138བཏང་སྟེ་རྨོ་ཞིང་ཁུལ་གྱི་སྲུང་སྐྱོང་ཁ་གསབ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་པའི་ཁ་གསབ། འབྲས་སོབ་ཀྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་བསྟར་བརྟན་པོ་བྱས་པ། སྒོར་དུང་ཕྱུར་546གི་འགན་བཅོལ་མ་དངུལ་གྱི་ཁ་གསབ་སྤྲད་ནས་ཞིང་ལས་འགན་བཅོལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།