སྡེ་ཚན་བརྒྱད་ཀྱིས་དོ་དམ་བྱ་ཐབས་མཉམ་དུ་བཀྲམ་ནས་དངུལ་རྩའི་ཐོན་རྫས་ཀྱི་དྲ་རྒྱའི་ཚོང་གཉེར་བྱེད་སྟངས་ཚད་ལྡན་དུ་བཏང་བ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་འཛིན་ལྟ་སྡོམ་ཁང་། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས《དངུལ་རྩའི་ཐོན་རྫས་ཀྱི་དྲ་རྒྱའི་ཚོང་གཉེར་གྱི་དོ་དམ་བྱ་ཐབས》མཉམ་དུ་བཀྲམ་ནས། དངུལ་བུན་ཐོན་རྫས་ལ“ཚད་གཞི་དམའ་བ”དང་། “རྩིས་ཁྲར་མྱུར་འབྱོར” “སྐྱེད་ཚད་དམའ་བ”སོགས་ཚོང་གཉེར་གྱི་སྐད་ཆ་ཤོད་སྟངས་སྤྱོད་མི་ཆོག་པ་དང་། གཏོང་སྤྲོད་ལས་ཁུངས་ཀྱི་དངུལ་བསྡུའི་ལས་སྟེགས་ཀྱི་དྲ་ངོས་སུ་གཏོང་སྤྲོད་ཡོ་བྱད་དེ་ངེས་པར་དུ་དངུལ་བུན་སོགས་དངུལ་རྩའི་ཐོན་རྫས་ཁུལ་དང་ལོགས་སུ་འགྲེམས་སྟོན་བྱེད་པ་ལས་སྤྱོད་མཁན་ལ་གཏོང་སྤྲོད་ཡོ་བྱད་དང་དངུལ་བུན་ཐོན་རྫས་གང་ཡིན་གོ་འཛོལ་ཐེབས་སུ་འཇུག་མི་ཆོག དངུལ་རྩ་དང་དངུལ་རྩའི་ཆ་འཕྲིན་ཞབས་ཞུའི་ལས་སྒོའི་ཐོབ་ཐང་ཐོབ་མེད་པའི་ལས་ཁུངས་ཀྱིས་གཉེར་སྐྱོང་བྱེད་པའི་APPདང་ཐོ་འགོད་ཚོང་རྟགས་ཀྱི་ཁྲོད་དུ་དངུལ་རྩ་ཞེས་པའི་ཡིག་འབྲུ་སྤྱོད་མི་ཆོག དངུལ་རྩའི་སྒྲིག་གཞི་མིན་པའི་ལས་དོན་པས་ཐད་གཏོང་དང་། བརྙན་ཐུང་། སྤྱི་རྟགས་སོགས་བརྒྱུད་ནས་དངུལ་རྩའི་ཐོན་རྫས་ཚོང་གཉེར་བྱེད་མི་ཆོག་པ་དང་། ལྷག་པར་དུ། མ་རྐང་འོས་སྦྱོར་གྱི་རྣམ་པའི་ཐོག་ནས་ཁྲིམས་འགལ་གྱི་དངུལ་འཛིན་མ་འཇོག་བློ་འདྲི་བྱེད་མི་ཆོག བྱ་ཐབས་དེ་ད་ལོའི་ཟླ་9ཚེས་30ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
བྱ་ཐབས་བཟོ་རིང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲ་སྦྲེལ་ལས་སྟེགས་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཡོད། བྱ་ཐབས་ནང་དངུལ་རྩའི་སྒྲིག་གཞིའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དངུལ་རྩའི་སྒྲིག་གཞིས་དྲ་རྒྱའི་ཚོང་གཉེར་ནང་དོན་གྱི་ཁྲིམས་མཐུན་སྒྲིག་མཐུན་རང་བཞིན་ལ་འགན་འཁུར་དགོས་པ་དང་ཞིབ་དཔྱད་ལམ་སྲོལ་འཛུགས་དགོས་པ་དང་། ཕྱོགས་གསུམ་པའི་དྲ་སྦྲེལ་ལས་སྟེགས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་འཛད་སྤྱོད་པ་དང་མ་འཇོག་མཁན་གྱིས་མཉམ་ལས་དངུལ་རྩའི་སྒྲིག་གཞི་དང་ཚོང་གཉེར་དངུལ་རྩའི་ཐོན་རྫས་ཀྱི་གཞི་རྩའི་ཆ་འཕྲིན་འདྲི་རྩད་དང་ཞིབ་བསྡུར་བྱེད་བདེ་པོ་ཡོང་བ་བྱེད་དགོས་པ། དྲ་རྒྱའི་ཚོང་གཉེར་ནང་དོན་ལ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དངུལ་རྩའི་ཐོན་རྫས་ཀྱི་འགག་རྩའི་ཆ་འཕྲིན་ངོ་སྤྲོད་བྱེད་དགོས་པ་ལས་རྫུན་མའམ་ཡང་ན་གོ་ནོར་ཐེབས་སུ་འཇུག་པའི་ནང་དོན་བླུགས་མི་ཆོག་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།