དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་དང་། སི་ཕེན། ཨར་ཅི་རི་ཡ་བཅས་ཀྱིས་ཁྱད་ལྡན་ཞིང་ལས་འཁོར་འབྲེལ་བཏོད་པ།

    ཞིང་ལས་ཐོན་རྫས་ཆུང་ངུར་བརྟེན་ནས་དམངས་ཕྱུག་ཐོན་ལས་ཆེན་པོར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27

    ཝེ་ཐེ་ནམ། ——ལི་ཀྲིའི་ཐོན་རྫས་གསར་སྤེལ་བྱས། ཁས་ལེན་དཔང་འདོན་ཐུབ་པར་གཞོལ།


    འདི་ནི་ཞིང་པ་ཞིག་གིས་ཝེ་ཐེ་ནམ་གྱི་སྐམ་སའི་ངོགས་ཀྱི་ཤིང་ཏོག་ལི་ཀྲིའི་ར་བར་ཤིང་ཏོག་ལི་ཀྲི་འཐོག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཝེ་ཐེ་ནམ་དང་། སི་ཕེན། ཨར་ཅི་རི་ཡ་སོགས་རྒྱལ་ཁབ་ཀྱིས་རང་ཡུལ་གྱི་ཐོན་ཁུངས་ལ་གཞི་ཚུགས་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། སྤུས་རྟགས་གཏོད་པ། ལས་རྣམ་གསར་གཏོད་བཅས་བྱས་པ་བརྒྱུད། ཁྱད་ལྡན་ཞིང་ལས་ཐོན་རྫས་དག་ཞིང་ར་ནས་ཁྲོམ་རར་ཁྱབ་པ་དང་དམའ་རིམ་ཐོན་རྫས་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཚོང་ཟོག་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཝེ་ཐེ་ནམ་པེ་ཉིང་ཞིང་ཆེན་གྱི་ཞིང་པ་རོན་ཡུས་ལིན་གྱིས་བོགས་མར་བླངས་པའི་ས་ཆར་ཤིང་ཏོག་ལི་ཀྲི་སྲོ་སྐམ་བཟོ་གྲྭ་ཞིག་བསྐྲུན་པ་དང་། དེ་ག་ནས་ཉིན་རེར་ལས་སྣོན་བྱེད་ཚད་ཏུན་9ནས་10བར་ཟིན་གྱི་ཡོད། ལས་སྣོན་བཟོ་གྲྭ་ནི་ཤིང་ཏོག་ལི་ཀྲི་ར་བའི་ཉེ་འགྲམ་དུ་ཡོད་པ་དང་། སྟོན་ཏོག་བསྡུ་བའི་དུས་ཚིགས་སུ་ཉེ་འཁོར་གྱི་འདེབས་འཛུགས་དུད་ཚང་གིས་བཏོགས་པའི་ཤིང་ཏོག་ལི་ཀྲི་བཟོ་གྲྭ་དེའི་ནང་དབོར་གྱི་ཡོད། “མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཐད་འགན་ལེན་ཡོད་ལ་ཞིང་དུད་ཀྱང་ཕྱིར་འཚོང་ལ་སེམས་ཁྲལ་བྱེད་དགོས་མེད། ང་ཚོས་ཐོན་སྐྱེད་བྱས་པའི་ཤིང་ཏོག་ལི་ཀྲི་སྐམ་པོ་ཁྲོམ་རར་བྲིན་པོ་ཡོད”ཅེས་རོན་ཡུས་ལིན་གྱིས་བཤད།

    རོན་ཡུས་ལིན་གྱི་ཕ་ཡུལ་ཝེ་ཐེ་ནམ་གྱི་སྐམ་སའི་ངོགས་ཀྱི་ཤིང་ཏོག་ལི་ཀྲི་ཐོན་ཁུལ་ཡིན་པ་དང་ཡུལ་ལུང་དེ་གའི་ཚི་གུ་ཆུང་བའི་ཤིང་ཏོག་ལི་ཀྲི་ནི་ཝེ་ཐེ་ནམ་གྱི་རྒྱལ་ནང་དུ་སྐད་གྲགས་ཡོད། 2025ལོར་པེ་ཉིང་ཞིང་ཆེན་གྱི་ཚི་གུ་ཆུང་བའི་ཤིང་ཏོག་ལི་ཀྲི་འདེབས་ཁྱོན་སྤྱི་ཆིང་ཁྲི་2.97ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་གཏོང་ཆེད། ཝེ་ཐེ་ནམ་ཀྲུང་དབྱང་དང་ས་གནས་ཞིང་ལས་སྡེ་ཚན་གྱིས་ཞིང་དུད་ལ་ཚད་གཞི་མཐོ་བའི་འདེབས་འཛུགས་མཛུབ་ཁྲིད་བྱས་ནས་ཤིང་ཏོག་ལི་ཀྲིའི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་སུ་བཏང་ཞིང་། རོན་ཡུས་ལིན་གྱི་ཕ་ཡུལ་དུ་ཞིང་ལས་སྡེ་ཚན་གྱིས་ཤིང་ཏོག་ལི་ཀྲིའི་ཐོན་སྐྱེད་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་སྡེ་ཚན་མང་པོ་དང་མཉམ་དུ་ཕྱིར་གཏོང་གི་ཤིང་ཏོག་ལི་ཀྲི་འདེབས་འཛུགས་ཁུལ་དང་ཐུམ་སྒྲིལ་ཁུལ་ལ་ཞིབ་བཤེར་བྱས་པ་དང་། འདེབས་འཛུགས་དུད་ཚང་ལ་གོ་ལ་ཧྲིལ་པོའི་ཞིང་ལས་བཟང་པོ་སྒྲུབ་གཉེར་དང་ཝེ་ཐེ་ནམ་གྱི་ཞིང་ལས་བཟང་པོའི་ཚད་གཞི་ལྟར་འདེབས་འཛུགས་ནན་པོ་བྱ་རྒྱུར་སྐུལ་མ་བཏང་ཁར། དཔྱད་དཔོག་ར་སྤྲོད་བརྒྱུད་ཐོན་རྫས་ཀྱི་སྤུས་ཚད་ཁས་ལེན་དཔང་འདོན་གྱི་ལག་ཁྱེར་སྤྲད་པ་རེད། མིག་སྔར་ཡུལ་ལུང་དེ་གར་ཝེ་ཐེ་ནམ་གྱི་ཞིང་ལས་བཟང་པོའི་ཚད་གཞི་དང་མཐུན་པའི་ཤིང་ཏོག་ལི་ཀྲི་འདེབས་ཁྱོན་སྤྱི་ཆིང་ཁྲི་1.56ཟིན་པ་དང་། གོ་ལ་ཧྲིལ་པོའི་ཞིང་ལས་བཟང་པོ་སྒྲུབ་གཉེར་གྱི་ཁས་ལེན་དཔང་འདོན་དང་མཐུན་པའི་ཤིང་ཏོག་ལི་ཀྲི་འདེབས་ཁྱོན་སྤྱི་ཆིང་82ཟིན་ཡོད་པ་རེད།

    ཡུལ་ལུང་དེ་གའི་ཞིང་ལས་སྡེ་ཚན་གྱི་དཔོན་རིགས་ལི་པོ་ཁྲེང་གིས“ཤིང་ཏོག་ལི་ཀྲིའི་སྤུས་ཚད་དང་ཁྲོམ་རའི་རིན་ཐང་ཆེ་རུ་གཏོང་ཆེད། ང་ཚོས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་མངགས་ནས་འདེབས་འཛུགས་དུད་ཚང་ལ་བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད་དང་། ནད་འབུའི་གནོད་འཚེ་འགོག་བཅོས་ལ་རམ་འདེགས་བྱས་ཤིང་། དུས་མཚུངས་སུ་སྐྱེ་ལྡན་རྫས་ལུད་དང་སྐྱེ་དངོས་ཕྲ་རབ་ཀྱི་བཀོལ་སྤྱོད་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཤིང་ཏོག་ལི་ཀྲིའི་ཐོན་རྫས་འབྲེལ་ཡོད་ཀྱི་སྤུས་ཚད་ཚད་གཞི་ལོན་པའི་འགན་ལེན་བྱས་ནས་རྒྱལ་སྤྱིའི་ཁྲོམ་རར་འདོན་པར་འགན་ལེན་བརྟན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    སི་ཕེན། ——སྐྱུ་རུའི་ཐོན་ལས་འཕེལ་རྒྱས་ཀྱིས། སྤུས་རྟགས་རིན་ཐང་ཆེ་རུ་བཏང་།

    འདི་ནི་སི་ཕེན་གྱི་ཨེ་སི་ཐེ་ལེ་མ་ཏུའུ་ལ་ཁུལ་ཆེན་གྱི་སྐྱུ་རུའི་ར་བར་ཞིང་པས་སྐྱུ་རུ་འཐོག་བཞིན་པ།

    སི་ཕེན་ནི་གོ་ལ་ཧྲིལ་པོའི་སྐྱུ་རུ་དང་སྐྱུ་རུའི་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་སྐྱུ་རུ་འདེབས་ཁྱོན་སྤྱི་ཆིང་ཁྲི་260ཙམ་ཟིན་པ་དེས་གོ་ལ་ཧྲིལ་པོའི་སྐྱུ་རུ་འདེབས་ཁྱོན་གྱི་1/4བཟུང་ཡོད། སྐྱུ་རུ་ནི་སི་ཕེན་གྱི་དཔལ་འབྱོར་ལོ་ཏོག་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྐྱུ་རུའི་སྣུམ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས2/3ཙམ་ཕྱིར་གཏོང་བྱེད་ཀྱི་ཡོད། གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོའི་ཟླ་བཅུ་པ་ནས་2026ལོའི་ཟླ་དང་པོའི་བར་སི་ཕེན་གྱི་སྐྱུ་རུའི་སྣུམ་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་30ལས་བརྒལ་བ་དེ་དུས་མཚུངས་ལས་10%ཙམ་འཕར་བ་དང་ཕྱིར་གཏོང་བྱེད་ཚད་ཡོ་སྒོར་དུང་ཕྱུར་13.7ལས་བརྒལ་ནས་རྒྱལ་ཁབ་དེའི་ཕྱིར་གཏོང་ཐོན་རྫས་གལ་ཆེན་གྱི་གྲས་སུ་གྱུར་ཡོད།

    སི་ཕེན་གྱི་སྐྱུ་རུའི་སྣུམ་ཐོན་ལས་མཉམ་འབྲེལ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཅིང་ལི་ཐེ་ལི་ཧྲ·ཕེ་ལེ་སིས། ལོ་བཅུ་གྲངས་གོང་། སི་ཕེན་གྱིས་ཕྱི་རྒྱལ་དུ་སྐྱུ་རུའི་སྣུམ་མང་ཆེ་བ་སིལ་འཚོང་བྱེད་ཀྱི་ཡོད། རང་ལ་དབང་བའི་དམ་བཅུག་སྤུས་རྟགས་དཀོན་པ་དང་ཟུར་སྣོན་རིན་ཐང་དང་ཞིང་དུད་ཀྱི་ཡོང་འབབ་གཉིས་ཀ་དམའ་པོ་ཡིན་པ་རེད། ད་ཆ་སྐྱུ་རུའི་སྣུམ་ཐོན་ལས་སི་ཕེན་གྱི་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ཀྱི་མིག་དཔེར་གྱུར་ཡོད”ཅེས་ངོ་སྤྲོད་བྱས།

    ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་ཆེད། སི་ཕེན་གྱིས་སྐྱུ་རུ་འདེབས་འཛུགས་ནས་ལས་སྣོན་བར་གྱི་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧུར་ཐག་བཏོད་ཡོད། རྒྱལ་ཁབ་དེས་གོ་ལ་ཧྲིལ་པོའི་སྐྱུ་རུའི་སྣུམ་ཕྱིར་འཚོང་ཁེ་ལས་གཙོ་བོས་མ་འཇོག་བྱེད་པའི་ཡིད་དབང་བཀུག་པ་དང་ཁེ་ལས་ལ་བརྒྱུད་རིམ་ཧྲིལ་པོའི་འདེབས་འཛུགས་དང་། འཐོག་པ། ལས་སྣོན། ཕྱིར་འཚོང་བཅས་ཀྱི་ལས་སྒོ་སྤེལ་རྒྱུར་ལྕག་སྐུལ་བྱས་ཡོད། མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་སྤུས་ཚད་ལ་སྟངས་འཛིན་བྱེད་པ་དང་དུས་མཚུངས། ས་གནས་དེ་གའི་ལས་སྒྲུབ་པའི་རྩལ་ནུས་ཆུ་ཚད་མཐོ་རུ་བཏང་ཡོད། ཁེ་ལས་དེ་དག་གི་ཚགས་ཚུད་པའི་ཕྱིར་འཚོང་དྲ་བར་བརྟེན་ནས་སི་ཕེན་གྱི་སྐྱུ་རུའི་སྣུམ་ཁྲོམ་རའི་བཀག་རྒྱ་ལས་བསྒྲལ་ཏེ་ཐོན་རྫས་འཛམ་གླིང་ས་ཕྱོགས་ཁག་ཏུ་ཕྱིར་འཚོང་གིས་ཁྲོམ་རའི་བཀོད་པ་དང་འཛད་སྤྱོད་པའི་ཚོགས་སྤྱི་དེ་བས་སྣ་མང་ཅན་དུ་གྱུར་ཡོད་པ་རེད།

    མིག་སྔར། སི་ཕེན་གྱི་སྐྱུ་རུའི་སྣུམ་ཐོན་ལས་ལ་སྲུང་སྐྱོང་ཐུབ་པའི་ཐོག་མའི་ཐོན་ཁུལ་31གི་མིང་དང་སྲུང་སྐྱོབ་ཐོབ་པའི་ས་ཁམས་མཚོན་རྟགས་3ཡོད་པ་རེད། རྒྱལ་ཁབ་དེའི་སྐྱུ་རུའི་ར་བ་25%ཙམ་གྱིས་མ་དངུལ་དང་ལག་རྩལ་གཏོང་ཤུགས་ཆེ་རུ་བཏང་ནས་སྐྱེ་ལྡན་སྐྱུ་རུའི་སྣུམ་ཐོན་རྫས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ། འཛད་སྤྱོད་པའི་བདེ་ཐང་དང་ལྗང་མདོག་གི་དགོས་མཁོ་དང་འཚམ་པོ་གནད་སྨིན་ཡོང་བར་བྱེད་ཀྱི་ཡོད། “མིག་སྔར་སི་ཕེན་གྱིས་སྐྱུ་རུའི་སྣ་ཁ་200ལྷག་ཙམ་སྐྱེད་སྲིང་བྱས་པ་དང་། སྣ་ཁ་ཚང་མར་ཐུན་མོང་མ་ཡིན་པའི་བྲོ་བ་དང་དྲི་ཞིམ་ལྡན་ལ། རྒྱལ་སྤྱིར་ཐོན་ལས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད”ཅེས་ཕེ་ལེ་སིས་བརྗོད་པ་རེད།

    ཨར་ཅི་རི་ཡ། ——ཁ་སུར་ཐོན་ལས་མཐུན་རྐྱེན་སྦྱར། རིག་གནས་ཡུལ་སྐོར་ཡོང་འབབ་འཕར།

    འདི་ནི་ཨར་ཅི་རི་ཡའི་པེ་ཧྲར་ཞིང་ཆེན་གྱི་ཁ་སུར་འདེབས་འཛུགས་ཞིང་པས་གསར་འགོད་པར་ཁ་སུར་སྟོན་བཞིན་པ།

    ས་ཧ་ར་བྱེ་ཐང་གི་བྱང་ཤར་རྒྱུད་ཀྱི་ཨར་ཅི་རི་ཡའི་ཝ་ཏི་ཞིང་ཆེན་དུ། ཁ་སུར་སྡོང་པོ་ཡུལ་ལུང་དེ་གའི་མིང་དོན་མཚུངས་པའི“ཕྱུག་འགྱུར་སྡོང་པོར”གྱུར་ཡོད།

    ཨར་ཅི་རི་ཡའི་ཞིང་ལས་སྡེ་ཚན་གྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཁབ་དེར་ཁ་སུར་སྡོང་པོ་ཁྲི་1910ཡོད་པའི་ནང་སྨིན་ནས་འབྲས་བུ་ཐོན་པའི་ཁ་སུར་སྡོང་པོ་ཁྲི་1640ཡོད་པ་དང་། ལོར་ཐོན་འབབ་ཏུན་ཁྲི་120ཟིན་ནས་གོ་ལ་ཧྲིལ་པོའི་ཁ་སུར་ཐོན་སྐྱེད་རྒྱལ་ཁབ་ཨང་བཞི་པར་སླེབས་པ་དང་དུས་མཚུངས། ཨ་ཧྥེ་རི་ཁའི་ཁ་སུར་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་ཀྱང་རེད། མིག་སྔར་ཨར་ཅི་རི་ཡའི་ཁ་སུར་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ལ་ཕྱིར་གཏོང་བྱས་ཟིན་པ་དང་། རྒྱལ་ཁབ་དེའི་ཕྱིར་གཏོང་ཚོང་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལི·པེ·ན་སི་ལི་ཡིས། 2025ལོར་ཁ་སུར་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་4ཟིན་ཡོད། ཁ་སུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཨར་ཅི་རི་ཡས་ཉེ་བའི་ལོ་ཤས་རིང་རོགས་སྐྱོར་སྲིད་ཇུས་མང་པོ་བཏོན་པ་དང་། དེའི་ནང“ཁ་སུར་འདེབས་འཛུཌ་བསྐྱར་དར་འཆར་གཞི”དང“ཁ་སུར་ཐོན་ལས་འཕེལ་རྒྱས་རྣམ་གྲངས”སོགས་ཚུད་ཡོད། ཁ་སུར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་། རྒྱལ་ཁབ་འདིས་ཁ་སུར་ཐུམ་སྒྲིལ་ལས་སྣོན་བཟོ་གྲྭ་དང་ཁྲོམ་རའི་གཉེར་སྐྱོང་དྲ་རྒྱ་མགྱོགས་མྱུར་བཙུགས་ནས་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་གསར་པ་དང་འཚམ་པ་དང་། ཁ་སུར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་སྤྱི་ཡོངས་ཀྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་བཞིན་ཡོད་ཅེས་བརྗོད།

    ཨར་ཅི་རི་ཡའི་པེ་ཧྲར་ཞིང་ཆེན་གྱི་ཁ་སུར་འདེབས་འཛུགས་ར་བ་རྨང་གཞིར་བྱས་ཏེ་གསར་སྤེལ་བྱས་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཞིག་ལ་ས་ཁྱོན་སྨི་ངོས་གྲུ་4500ཟིན་པ་དང་ཐོག་བརྩེགས་ཁང་པ་སྟར་པ་16ནང་ཞག་སྡོད་ཉལ་ཁྲི་100ཙམ་ཡོད་ཅིང་། ཡུལ་སྐོར་བར་གྲོང་ཁྱེར་གྱི་འདུ་འཛི་དང་བྲལ་བའི་གྲོང་གསེབ་ཀྱི་ངལ་གསོའི་ཁོར་ཡུག་ཅིག་བསྐྲུན་ཡོད།

    ཁ་སུར་ཐོན་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བ་དེས་ཁ་སུར་འདེབས་འཛུགས་དུད་ཚང་གི་ཡོང་སྒོ་རྒྱ་ཆེར་བཏང་བ་མ་ཟད། ཡུལ་ལུང་དེ་གའི་མང་ཚོགས་ཡུལ་སྐོར་དཔལ་འབྱོར་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་ཁྲིད་ཀྱང་བྱས་ནས། ཁ་སུར་ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཀྱིས་ཚོགས་སྤྱི་དེ་བས་མང་བར་ཕན་པ་སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།