“ཀྲུང་གོར་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་དངོས་གནས་དོན་སྙིང་ཆེན་པོ་བྱུང”
ལན་ཀྲོའུ་སློབ་ཆེན་སྨན་ཁང་དང་པོར་ཧིན་རྡུ་ཉི་ཞི་ཡ་ནས་ཡོང་བའི་སྨན་པ་མུའུ་ཀྲི་ཤོན་གྱིས་མདུན་གྱི་བརྙན་ཤེལ་ལ་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་བཞིན་འདུག ཁོང་གིས་འགག་རྩའི་གྲངས་གཞི་དག་མགྱོགས་མྱུར་ཐོ་བཀོད་པ་དང་ཆབས་ཅིག འཁྲིས་ཀྱི་ཀྲུང་གོའི་དགེ་རྒན་གྱིས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པར་བརྟེན་རྙོག་འཛིང་ཆེ་བའི་སྨན་བཅོས་ཀྱི་རིགས་ལམ་རིམ་བཞིན་ཁ་གསལ་པོར་གྱུར་ཡོད། “ཀྲུང་གོར་སྡོད་རིང་། ང་ཚོས་དེ་གའི་སྔོན་ཐོན་སྒྲིག་ཆས་སྤྱོད་སྟངས་ཡག་པོ་སྦྱངས་ཏེ་ཕྱིས་འབྱུང་ཧིན་རྡུ་ཉི་ཞི་ཡར་ལོག་རྗེས་ནད་པ་སྔར་ལས་མང་བ་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་མུའུ་ཀྲི་ཤོན་གྱིས་བཤད།
ཧིན་རྡུ་ཉི་ཞི་ཡར་མི་འབོར་ཁ་ཐོར་ཡིན་པའི་ཁར་སྨན་བཅོས་ཐོན་ཁུངས་ཀྱི་ཁྱབ་ཚུལ་དོ་སྙོམས་མེད་པ་དང་། ལྷག་པར་དུ། ཆེད་ལས་ཚན་ཁག་གི་སྨན་པ་དཀོན་པོ་ཡོད། 2022ལོར་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཧིན་རྡུ་ཉི་ཞི་ཡའི་འཕྲོད་བསྟེན་པུའི་དབར་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ། ཧིན་རྡུ་ཉི་ཞི་ཡའི་ས་གནས་གཞུང་བཙུགས་སྨན་ཁང་གི་ཆེད་ལས་ཚན་ཁག་གི་སྨན་པ་ཀྲུང་གོར་སྤེལ་རེས་གསོ་སྦྱོང་བྱེད་པར་གཏོང་རྒྱུའི་བཀོད་སྒྲིག་བྱས་ཤིང་། 2025ལོའི་ཟླ་གསུམ་པར་མུའུ་ཀྲི་ཤོན་དང་འདེམས་སྒྲུག་བརྒྱབ་པའི་ཧིན་རྡུ་ཉི་ཞི་ཡའི་སྙིང་ཁམས་ཁོག་ནད་ཚན་ཁག་གི་སྨན་པ་གཞན་དག་8ལན་ཀྲོའུ་སློབ་ཆེན་སྨན་ཁང་དང་པོའི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་ཏུ་སླེབས་པ་དང་། དུས་ཡུན་ལོ་གཅིག་གི་རིང་། ཁོང་ཚོས་སྙིང་ཁམས་ཁྲག་རྩའི་རྨ་ཆུང་གཤགས་བཅོས་ཀྱི་ནད་ཐོག་སྨན་བཅོས་ཞིབ་འཇུག་ཟབ་སྦྱོང་དང་གསོ་སྦྱོང་ཆ་ལག་ཚང་པོ་བྱས་པ་རེད། གསོ་སྦྱོང་ཚར་རྗེས་མུའུ་ཀྲི་ཤོན་ཧིན་རྡུ་ཉི་ཞི་ཡའི་སུང་པ་ཝ་གླིང་ཕྲན་དུ་སྙིང་ནད་གཤགས་བཅོས་ཀྱི་སྙིང་ཁམས་ཁོག་ནད་ཚན་ཁག་གི་སྨན་པ་གཅིག་པུ་དེ་ཆགས་རྒྱུ་རེད། “ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཏུ་རིམ་སྤར་སློབ་སྦྱོང་ཆ་ཚང་ཐོབ་པའི་གོ་སྐབས་ཧ་ཅང་དཀོན་པོ་ཡིན་པར་བརྟེན་ང་ཚོས་ཀྲུང་གོར་སློབ་སྦྱོང་བྱེད་པའི་གོ་སྐབས་འདི་ཧ་ཅང་རྩ་ཆེན་པོར་རྩི་ཡི་ཡོད”ཅེས་མུའུ་ཀྲི་ཤོན་གྱིས་བཤད།
ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྨན་པ་མི་རེ་ངོ་རེར“རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ”གྱི་གསོ་སྦྱོང་ཇུས་གཞི་ཆ་ཚང་པོ་ཞིག་བཟོས་ཡོད། ལན་ཀྲོའུ་སློབ་ཆེན་སྨན་ཁང་དང་པོའི་ཡོན་ཀྲང་གཞོན་པ་དང་རྣམ་གྲངས་དེའི་འགན་འཁུར་བ་པའེ་མིང་གིས། ཧིན་རྡུ་ཉི་ཞི་ཡའི་སྙིང་ནད་ཚན་ཁག་གི་སྨན་པའི་དངོས་སྤྱོད་ཀྱི་ལག་རྩལ་མཐོ་རུ་འགྲོ་བར་རོགས་རམ་བྱ་ཆེད་སྨན་ཁང་གིས་སློབ་མའི་ནད་ཐོག་སྨན་བཅོས་ཀྱི་འཇོན་ཐང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། “སློབ་མ་མི་རེ་ངོ་རེས་སློབ་མཐར་མ་ཕྱིན་གོང་ཚོད་རྩིས་བརྒྱབ་ན་ཉུང་མཐར་ཡང་གཤགས་བཅོས་ཐེངས་300ལ་གཞོགས་འདེཌ་སམ་ཡང་ན་རང་ཚུགས་ངང་ལེགས་གྲུབ་ཐུབ་པ་བྱེད་དགོས་ཀྱི་ཡོད། ང་ཚོས་ཕྱི་རྒྱལ་གྱི་ལས་རིགས་གཅིག་པ་སྔར་བས་མང་བ་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་བཤད།
མིག་སྔར་ཧིན་རྡུ་ཉི་ཞི་ཡའི་སྨན་པ་དགུ་པོ་རྒྱ་སྐད་དེ་ཙམ་བདེ་པོ་མེད་ཀྱང་། “ལག་པ་རྐྱོངས་དང” “སེམས་ལྷོད་པོ་གྱིས་ཤིག” “ན་ཟུག་རྒྱག་གི་འདུག་གམ”སོགས་ཀྱི་རྒྱུན་སྤྱོད་ནད་གཞི་འདྲི་སྟངས་ལ་དཀའ་ངལ་ཅི་ཡང་མེད་པ་རེད། ཚན་ཁག་ནང་ཕྱི་རྒྱལ་སྨན་པའི་ངོ་རིས་གསར་པ་མཐོང་སྐབས་ནད་པ་ཁག་གཅིག་ངོ་མཚར་སྐྱེས་ནའང་ཁོང་ཚོ་བློ་རྩེ་གཅིག་སྒྲིམ་དང་ཆེད་ལས་ལ་བྱང་ཆུབ་པར་བརྟེན་ནད་པའི་ཡིད་ཆེས་འཕྲལ་མར་ཐོབ་ལ། གསོ་སྦྱོང་བྱེད་རིང་། ཧིན་རྡུ་ཉི་ཞི་ཡའི་སྨན་པ་ཁག་གཅིག་དགེ་རྒན་དང་མཉམ་དུ་ནན་ཅིང་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་སུ་འཚོགས་པའི་རིག་གཞུང་ཚོཌ་འདུར་ཞུཌ་མྱོང་ཡོད། “ཀྲུང་གོར་སློབ་སྦྱོང་དང་འཚོ་བ་སྐྱེལ་རིང་དངོས་གནས་དོན་སྙིང་ཆེན་པོ་བྱུང་། ཕྱིས་འབྱུང་ཧིན་རྡུ་ཉི་ཞི་ཡའི་སྨན་པ་སྔར་ལས་མང་བ་ཀྲུང་གོར་བསྐྱོད་ནས་ང་ཚོའི་སྨན་བཅོས་ལག་རྩལ་མཐོར་གཏོང་ལ་མཉམ་དུ་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད”ཅེས་མུའུ་ཀྲི་ཤོན་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།