དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་ལེགས་སྦྲང་རྩི་གངས་ལྗོངས་ས་མཐོ་ནས་རྒྱལ་སྤྱིའི་ཁྲོམ་རར་བཏོན་པ།

    —— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་སྦྲང་རྩིའི་ཐོན་ལས་ཀྱིས་གྲོང་རྡལ་སྟོབས་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27


    འདི་ནི་སྦྲང་ནོར་བུ་གསོ་མཁན་གྱིས་སྦྲང་རྩི་ལེན་བཞིན་པ།

    ཞོགས་པའི་ཉི་གཞོན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གི་རི་ལྡེབས་སུ་འཕྲོ་སྐབས། སྦྲང་ནོར་བུ་ཁྱུ་དང་ཁྱུ་མེ་ཏོག་ཁྲོད་དུ་ཕར་འཕུར་ཚུང་འཕུར་བྱེད་བཞིན་སྦྲང་རྩི་གསོག་པར་བྲེལ། དེ་གར་བོད་ཀྱི་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་གླིང་ཡིན་ལ། རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡང་ཡིན་ཞིང་། དེ་སྔའི་སྲོལ་རྒྱུན་གྱི་སྦྲང་ནོར་བུ་གསོ་ཡུལ་དེ་ཉིད་ད་ཆ་བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཚད་འཛིན་དཔེ་སྟོན་རྣམ་གྲངས་ལ་གྱུར་ཡོད་པ་རེད།

    2025ལོའི་ཟླ་9པར། རྒྱལ་སྤྱིའི་སྦྲང་ནོར་བུ་གསོ་ཚགས་མཉམ་འབྲེལ་ལྷན་ཚོགས(APIMONDIA)ཀྱི་ཚོགས་ཆེན་སྐབས་ཞེ་དགུ་པ་ཏེན་མག་གི་རྒྱལ་ས་ཁོ་ཕེན་ཧ་ཀེན་དུ་འགོ་ཚུགས་ཤིང་། ཀྲུང་གོའི་སྦྲང་ནོར་བུ་གསོ་ཚགས་ལས་རིགས་ཀྱི་འཐུས་ཚབ་འབའ་ཞིག་ཡིན་པའི་བོད་ལྗོངས་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་གླིང་གི་འགན་འཁུར་བ་ཀྲང་ལེང་ཧྥུའུ་ཡིས་དབྱིན་སྐད་ནས་གཏམ་བཤད་སྐར་མ་8བྱས་ཏེ། བོད་ཀྱི་སྦྲང་ནོར་བུའི་གསོ་ཚགས་གཏམ་རྒྱུད་འཛམ་གླིང་ལ་བརྗོད། རྒྱལ་སྤྱིའི་སྦྲང་ནོར་བུ་གསོ་ཚགས་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྦྲང་ལས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས“བོད་ཀྱིས་ལས་དོན་འདི་ཧ་ཅང་ཡག་པོ་བསྒྲུབས་འདུག སྦྲང་ནོར་བུ་གསོ་ཚགས་བྱས་པས་ཁེ་ཕན་ཡག་པོ་རག་པ་མ་ཟད། ད་དུང་སྐྱེ་ཁམས་ལེགས་སུ་འགྲོ་བར་སྐུལ་མ་ཐེབས་རྒྱུ་རེད”ཅེས་གདེང་འཇོག་ཡག་པོ་བྱས་པ་རེད།

    སྤུས་ལེགས་སྦྲང་རྩི་གངས་ལྗོངས་ས་མཐོ་ནས་རྒྱལ་སྤྱིའི་ཁྲོམ་རར་བཏོན་ཞིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་གིས་སྦྲང་ནོར་བུའི་ཐོན་ལས་དམ་འཛིན་བྱ་གཞིར་བྱས་ཏེ“ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མུ་མཐུད་འཕར་བ”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད་པ་རེད།

    2025ལོའི་ཟླ་5ཚེས་17ཉིན། སྣེ་གདོང་ཆུས་ཀྱི“5·19”ཀྲུང་གོའི་ཡུལ་སྐོར་ཉིན་མོ་དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་བྱེད་སྒོ་སྐབས་དང་པོའི་ཡོངས་བསྒྲགས་ཚོགས་འདུ་སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་གླིང་དུ་འཚོགས་ཤིང་། སྣེ་གདོང་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་ལས་དོན་ཁང་གསུམ་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ལོ་དེར། སྦྲང་ནོར་བུའི་རིག་གནས་སྐྱེ་ཁམས་ཉམས་ལེན་གླིང་དེ་ཉིད་ཞིང་ལས་གྲོང་གསེབ་པུས“ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སོས་དལ་ཡུལ་སྐོར་བྱ་སྤྱོད(སྟོན་དུས)ཀྱི་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་རྩེ་གྲར”འོས་སྦྱོར་བྱས་པས། བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཚད་འཛིན་དཔེ་སྟོན་རྣམ་གྲངས་ལ་གྱུར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་སློབ་ཆེན་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྦྲང་ནོར་བུ་ཞིབ་འཇུག་སུའོ། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་དམ་ཟབ་བྱས་པར་བརྟེན། ཐོན་རྫས་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་སུ་སྐྱེད་པ་ཤང་གི་སྦྲང་རྩིའི་ཐོན་ལས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། སྦྲང་རྩིའི་སྦི་རག་དང་། སྦྲང་རྩིའི་ཡི་ཙི། སྦྲང་རྩིའི་སོ་སྨན་སོགས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་གསར་པ་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་ལེགས་གྲུབ་བྱུང་བ་མ་ཟད་ཁྲོམ་རར་བཏོན་ནས། བོད་ཀྱི་སྦྲང་རྩིའི་ཐོན་རྫས་ལས་སྣོན་ཞིབ་ཚགས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད་པ་རེད།

    ན་ནིང་། སྐྱེད་པ་ཤང་སྦྲང་ནོར་བུ་གསོ་ཚགས་ཐོན་ལས་ཀྱིས་བོད་ལྗོངས་སྦྲང་ནོར་བུའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་བརྒྱུད་ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་སོགས་ཀྱི་རྫོང་11དང་སྲིད་འཛིན་གྲོང་ཚོ་50ལྷག་ཙམ་ལ་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི་406.22བགོ་བཤའ་བརྒྱབ་པས། ཞིང་འབྲོག་མང་ཚོགས་དུད་ཚང་9000ལྷག་ཙམ་དང་མི་ཁྲི་3.1ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    ཀུང་སི་དེས་སྦྲང་ནོར་བུ་གསོ་ཡུལ་འཛུགས་སྐྲུན་བདག་སྐྱོང་དང་། རིག་གནས་གླིང་གཉེར་སྐྱོང་། ལས་སྣོན་ཐོན་སྐྱེད་ལས་རིམ་གྱི་ལས་མི་གླ་སྐུལ། དྲ་ཕྱིའི་ཚོང་ཁང་གཉེར་སྐྱོང་སོགས་ཀྱི་ལྷུ་ཚིགས་བརྒྱུད་ལོ་ཧྲིལ་པོར་ས་གནས་དེ་གར་ལས་ཞུགས་གླ་ཆ་སྒོར་ཁྲི་290དང་། བོགས་དངུལ་སྣ་ཚོགས་སྒོར་ཁྲི་61 ཨར་ལས་གླ་ཆ་སྒོར་ཁྲི་112བཅས་སྤྲད་ཡོད། ཕྱོགས་བསྡུས་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2025ལོར་ཀུང་སི་དེ་བརྒྱུད་རིམ་རྩིས་བརྒྱབ་ན་སྣེ་གདོང་ཆུས་ཀྱི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་800ལྷག་ཙམ་བྱུང་ཡོད་པ་རེད།

    སྲོལ་རྒྱུན་གྱི་སྦྲང་ནོར་བུ་གསོ་ཚགས་ནས་ཐོན་ལས་གྲོང་རྡལ་སྟོབས་ཆེན་བར་དང་། ས་གནས་ཀྱི་སྤུས་རྟགས་ནས་རྒྱལ་སྤྱིའི་ཁྲོམ་རར་བཏོན་པའི་བར། སྐྱེད་པ་ཤང་གིས“སྦྲང་རྩིའི་བྱ་གཞག”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་དོད་པའི་ལེའུ་གསར་པ་རྩོམ་བཞིན་མཆིས། སྦྲང་རྩི་ཤེལ་དམ་གཅིག་གི་ནང་ས་མཐོའི་མི་དམངས་ཀྱི་ལས་བརྩོན་དང་བློ་གྲོས་འདུས་ཡོད་ལ། དེས་བོད་ཀྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལེགས་པར་འགྲོ་བའི་བདེན་དཔང་ཡང་བྱེད་བཞིན་ཡོད་པ་རེད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།