མིག་ལས་འོད་སྣང་འཚེར་གྱུར་ན། ལུས་པོར་ཤེད་ཤུགས་འཕེལ་བར་བྱེད།
“ཚང་མའི་ལུས་སྟེང་དུ་རྫོགས་རྒྱུ་མེད་པའི་ཤེད་ཤུགས་ཡོད”ལོ་83ལ་སླེབས་པའི་རྒན་མོ་ཚེ་རིང་གཡང་འཛོམས་ཀྱི་སྐད་ཆ་དེ་ལས་ང་ཚོ་སླར་ཡང་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བ་དང་ཚ་ཚ་འུར་འུར་ངང་ལས་ལ་གཞོལ་བའི་ལོ་རབས་དེར་ཁྲིད་བྱུང་།
ལྕགས་སྒྲོག་རྙིང་པའི་འཆིང་རྒྱ་གཏོར། འཚོ་བ་གསར་པའི་ཕྱོགས་སུ་སྐྱོད། དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ལོ་ངོ་སྟོང་གི་གནས་སྟངས་ལ་འགྱུར་ལྡོག་བཏང་བ་ལས། འཚོ་བ་གསར་པར་བཅངས་པའི་མི་རྣམས་ཀྱི་རེ་འདོད་ཀྱི་འོད་སྣང་སྦར་ཡོད། རེ་འདོད་དེ་མངོན་འགྱུར་བྱ་ཆེད། ཀྲུང་དབྱང་ནས་ས་གནས་དང་། ལས་བྱེད་པ་ནས་མང་ཚོགས་བར་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་རི་ཀླུང་ཐམས་ཅད“ཐར་ཐོར་གྱི་མཛེས་རྒྱན”ནས“སྔོ་ལྗང་ཡུག་གཅིག་ཏུ་ཁྱབ་པར”བྱས་པ་དང་། དེ་ནས་ད་ཆའི“སྒེའུ་ཁུང་ཕྱེ་ན་རྩི་ཤིང་མཐོང་བའི”གནས་སྟངས་མཛེས་ཤིང་ཉམས་དགའ་བ་ཞིག་ཏུ་ཆགས་ཡོད།
བཅར་འདྲི་བྱེད་རིང་གི་གནས་ཚུལ་ཞིབ་ཕྲ་མང་པོ་ཞིག་གིས་མི་རྣམས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ་སྟེ། དཔེར་ན་བསོད་ནམས་དབང་འདུས་ཀྱིས་རྐང་འཁོར་བཞོན་ནས་ལམ་ལྔ་མདོ་ཁ་བརྒྱུད་དུས་བྱེ་རླུང་ཆུང་དུ་ཕྱིན་པ་ཚོར་སྐབས་ཀྱི་དགའ་སྤྲོའི་སྐོར་གླེང་བ་ལྟ་བུ་རེད། འོན་ཀྱང་ང་ཚོར་སེམས་འགུལ་ཆེ་ཤོས་ཐེབས་པ་ནི་ལྗང་མདོག་རྩི་ཤིང་རྒྱུན་གཏན་འཚོ་བའི་ནང་ཁྱབ་པའི་སྣང་བ་དེ་རེད། གཞན་ཡང་། ལྷོ་རིའི་སྤྱི་གླིང་དུ་ཡུལ་སྐོར་བ་སོས་དལ་བག་ཕེབས་ངང་འཆམ་འཆམ་བྱེད་ཅིང་། གནས་ནང་ལུང་ཤུར་དུ་པར་ཆས་ཀྱིས་བག་ཡངས་ངང་རྒྱུ་བའི་གསའ་ལ་པར་ལེན་ཐུབ་ཡོད། ཕར་བལྟས་ཚོད་ཀྱིས་རྒྱུན་ལྡན་དུ་སྣང་བའི་བརྙན་རིས་དེ་དག་ནི་ལོ་ངོ་60ལྷག་ཙམ་གྱི་རིང་རྩི་ཤིང་འཛུགས་པའི་ལས་ལ་རྒྱུན་ཆད་མེད་པར་གཞོལ་བ་ལས་བྱུང་བའི་བདེ་སྐྱིད་ཀྱི་འབྲས་བཟང་རེད།
ད་ལྟའི་ཆར། འབྲས་བཟང་ཉམས་དགའ་བ་དེ་བོད་ཀྱི་ས་ཕྱོགས་གང་སར་མངོན་པ་སྟེ། ཡར་ལུང་གཙང་པོའི་ངོགས་གཉིས་ཀྱི་སྤྱི་ལེ་བརྒྱ་ཡི་འགོག་སྲུང་ནགས་ཚལ་ནས་བོད་ཤར་རྒྱུད་ཀྱི་ཆབ་མདོའི་ཚང་ཚིང་གི་གསོམ་ཤིང་བར། དེ་ནས་མངའ་རིས་ཀྱི་སེང་གེ་ཁ་འབབ་ཀྱི“ལྗང་མདོག་བར་ཁྱམས”བར་ཏེ། ནགས་ཚལ་ཁྱབ་ཚད་5.1%ནས་12.54%བར་འཕར་བ་དང་། མུའུ་ཁྲི་720ཟིན་པའི་ས་ཆར་ནགས་ཚལ་སྟུག་པོ་སྐྱེས་ནས་གངས་ལྗོངས་ས་མཐོའི་ཡུལ་ཕྱོགས་སུ་སྔོ་ལྗང་ན་བཟའ་ཀླུབས་པ་ལྟ་བུར་ཡོངས་སུ་ཁེབས་ཡོད། དེ་སྔོན“རྩྭ་མི་སྐྱེ་བའི”བྱེ་རླུང་ལྡང་བའི་ཡུལ་གྲུ་དེ་ད་ཆ་གཙོད་དང་། ཁྲུང་ཁྲུང་སྐེ་ནག གསའ་བཅས་རི་དྭགས་རྣམས་ཀྱི་ཁྱིམ་གཞིས་སུ་གྱུར་འདུག
མིག་ལས་འོད་སྣང་འཚེར་གྱུར་ན། ལུས་པོར་ཤེད་ཤུགས་འཕེལ་བར་བྱེད། འབད་འཐབ་ཀྱི་དམིགས་ཚད་ཡིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ལ་གཞིགས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་བཙུགས་ན། ང་ཚོའི་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱེད་པའི་ཁྲོད་དར་ཞིང་རྒྱས་ངེས་རེད།
འབྲེལ་ཡོད་གསར་འགྱུར།