སྐྱ་ཐེར་ཐེར་ནས་སྔོ་ཐིང་ཐིང་བར་གྱི་འགྱུར་ལྡོག

འདི་ནི་ལྷ་སའི་དོག་སྡེ་ཁྲོམ་གཞུང་གི་འོད་པ་གྲོང་ཚོའི་ཡུལ་མིས་ཕུར་བུ་ལྕོག་རི་ལྡེབས་སུ་2026ལོའི་དཔྱིད་དུས་ཤིང་འཛུགས་བྱེད་སྒོ་སྤེལ་བཞིན་པ།(དཔྱད་གཞིའི་པར་རིས)

འདི་ནི་ལྷོ་རིའི་སྤྱི་གླིང་ནས་མཐོང་བའི་ལྷ་སའི་སྐྱིད་ཆུ་དང་གྲོང་ཁུལ་ཡིན་པ།(དཔྱད་གཞིའི་པར་རིས)

འདི་ནི་དང་བླངས་པ་ལྷོ་རིའི་སྤྱི་གླིང་དུ་ཤིང་འཛུགས་བྱེད་སྒོར་ཞུགས་བཞིན་པ།(དཔྱད་གཞིའི་པར་རིས)
1961ལོའི་ཟླ་3ཚེས་21ཉིན་དེའང་དཔྱིད་ཀའི་ཉིན་མོ་ཞིག་རེད། 《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་ཁག་ཏུ་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ》ཞེས་པའི་གནས་ཚུལ་སྤེལ་གཏོང་བྱས་ཤིང་། རྩོམ་ཡིག་ནང“ཡར་ལངས་བཅིངས་འགྲོལ་ཐོབ་པའི་རྒྱ་ཆེའི་མང་ཚོགས་ཚོས་འཚོ་བ་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ནས་རང་ཉིད་ཀྱི་ཕ་ཡུལ་སྔར་བས་འཛུགས་སྐྲུན་ཡག་པོ་བྱ་རྒྱུའི་རེ་འདོད་ཆེན་པོ་འཆང་ཡོད”ཅེས་འཁོད་འདུག
《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་དུས་འདིར། ང་ཚོ་ལྷ་སའི་སྐྱིད་ཆུའི་ངོགས་གཉིས་སུ་བསྐྱོད་དེ་ཚགས་པར་གྱི་ཁུངས་སྣེ་གཞིར་བཟུང་ལྗོན་ཤིང་ཐར་ཐོར་བཙུགས་པ་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་བར་གྱི་ལོ་རྒྱུས་འཕེལ་རིམ་ཉམས་སུ་མྱངས་ཤིང་། ནགས་ཚལ་ཁྱབ་ཚད་5.1%ནས་12.54%བར་འཕར་བའི་རྒྱབ་ཕྱོགས་ཀྱི་སྙན་འཇེབས་འགྱུར་ཁུག་ཉན་པ་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་དངོས་ཡོད་དྲིས་ལན་ལ་འཚོལ་ཞིབ་སོགས་བྱས་པ་ཡིན།
ཡར་ལངས་ཞིང་བྲན་གྱིས་ལྕགས་ཁྱེམ་སྤྱད་ནས་ཤིང་བཙུགས་ལས་ལ་བྲེལ།
“བོད་ལྗོངས་ཡག་བོད་ལྗོངས་ཡག གྲང་རླུང་ལྡང་བས་རྡོ་ཧྲུག་ཁྱེར། རི་བོའི་ངོས་སུ་རྩྭ་མི་སྐྱེ” དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་པར་ས་མཐོར་ཁྱབ་པའི་ཁ་རྒྱུན་དེ་ལས་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་ཉམས་ཞན་མཚོན་ཡོད་པ་རེད།
རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་དཔྱད་ཡིག་ལས་མངོན་པ་ལྟར་ན། ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་1962ལོའི་ཟླ་3པར《བོད་ལྗོངས་ཉིན་རེའི་ཚགས་པར》བརྒྱུད་ནས་ལྗོངས་ཡོངས་ལ་འབོད་སྐུལ་བྱས་དོན། “སུས་བཙུགས་ན་དེར་དབང་བ་དང་། སུ་ལ་ཡོད་ན་དེས་སྤྱོད་པའི”སྲིད་ཇུས་ལག་བསྟར་ནན་ཏན་གྱིས་མང་ཚོགས་སྐུལ་སློང་གང་ལེགས་བྱས་ཏེ་ཤིང་འཛུགས་ནགས་བཟོ་བྱས་ནས“འགྲམ་བཞི”སྔོ་འགྱུར་བྱེད་དགོས།
“འགྲམ་བཞི”ཞེས་པ་ནི་གྲོང་ཚོའི་འགྲམ་དང་། ཁང་པའི་འགྲམ། ལམ་འགྲམ། ཆུ་འགྲམ་བཅས་ལ་ཟེར། ཕྱོགས་གང་ཅིའི་ཐད་གོང་འཕེལ་གཏོང་དགོས་པའི་ཡུལ་ལུང་དེར། ཡར་ལངས་བཅིངས་འགྲོལ་ཐོབ་པའི་རྒྱ་ཆེའི་མང་ཚོགས་ཀྱིས་འཚོ་གནས་ཁོར་ཡུག་ལེགས་སུ་གཏོང་ཆེད་རང་འགུལ་ངང་ཤིང་འཛུགས་ནགས་བཟོ་བྱེད་འགོ་ཚུགས་པ་དང་། དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་རྩི་ཤིང་འཛུགས་པའི་ལས་ལ་རྒྱུན་ཆད་མེད་པར་གཞོལ་བ་རེད།
1962ལོའི་ཟླ་1ཚེས་28ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོར་བཀོད་པའི་ཀློག་པ་པོའི་འཕྲིན་ཡིག་ཅིག་ལས་ལོ་རྒྱུས་ཀྱི་ཆ་འཕྲིན་མངོན་པ་སྟེ། “བློ་མཐུན་རྩོམ་སྒྲིག་པ་ལགས། ཁྱེད་ཚོར་གཏམ་བཟང་ཞིག་ཞུ། ཆུ་ཤུར་ཞིང་རའི་ནང་ཤིང་འཛུགས་ནགས་བཟོ་ཚོགས་ཆུང་གི་བྱེད་སྒོ་སྤེལ་འགོ་བཙུགས་ཟིན”ཞེས་པ་དེ་རེད།
ལོ་83ལ་སླེབས་པའི་ཚེ་རིང་གཡང་འཛོམས་ནི་དེ་སྔ་ཆུ་ཤུར་ཞིང་རའི་ལས་བཟོ་ཞིག་རེད། སྐབས་དེ་དུས་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་ནམ་གསལ་མ་ཐག་ལྕགས་ཁྱེམ་ཁུར་ནས་ས་རྒོད་བསློགས་ཏེ་ཞིང་ཁ་འདེབས་ཞོར་ས་དོང་དྲུས་ནས་ལྕང་མ་བཏབ་སྟེ་ཉིན་གང་ལས་ཀ་བྱེད་ཀྱི་ཡོད་པ་ད་ལྟའང་ཁོང་གི་ཡིད་ལ་གསལ་པོར་དྲན་གྱིན་ཡོད།
“ཡར་ལངས་བཅིངས་འགྲོལ་ཐོབ་ནས་ཚང་མར་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་བས། ཚང་མའི་ལས་ཀ་བྱེད་སེམས་འཕེལ་ཡོད། དེར་བརྟེན་རང་ཉིད་ཀྱི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས”ཞེས་ཚེ་རིང་གཡང་འཛོམས་ཀྱིས་འདས་སོང་ལ་ཕྱིར་དྲན་བྱེད་བཞིན་མྱོང་བ་ཟབ་མོས་བརྗོད།
དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་རང་སྐྱོང་ལྗོངས་ཀྱིས་ནགས་བཟོའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ“འགྲམ་བཞི”ནས་བྱེ་ཐང་དང་གྲམ་ཐང་བར་རྒྱ་ཆེ་རུ་བཏང་ཡོད།
ལས་སླ་པོ་ནས་དཀའ་ཚེགས་ཆེན་པོའི་བར། ས་མཐོའི་གང་སར་སྔོ་ལྗང་གིས་རབ་ཏུ་བརྒྱན་པ།
བོད་དུ་ས་བབ་མཐོ་ཞིང་གནམ་གཤིས་གྲང་ལ་གསོ་རླུང་དཀོན་པའི་ཁར་ས་རྒྱུ་ཞན་པོ་ཡོད། དེར་བརྟེན་ལྕང་སྡོང་རྐང་གཅིག་སྐྱེ་འཚར་ཡོང་བར་ནང་ས་ལས་དཀའ་ཚེགས་ལྡབ་ཁ་ཤས་ཀྱིས་ཆེ་བ་ཡོད།
རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་དང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་ལག་རྩལ་གྱི་བློ་འདྲི་བ་བསོད་ནམས་དབང་འདུས་ཀྱིས། ལྷ་སའི་ཤིང་འཛུགས་ནགས་བཟོའི་ཐད་1991ལོ་ནི་དབྱེ་མཚམས་གལ་ཆེན་ཞིག་ཡིན་པ་སྟེ། དེ་གོང་མ་དངུལ་ཁ་ཐོར་ཡིན་ལ་ཤིང་བཙུགས་ནའང་གསོན་ཚད་དམའ་པོ་ཡིན་པ་དང་། ལོ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གཙང་པོ་གཅིག་དང་ཆུ་བོ་གཉིས”ཀྱི་ཕྱོགས་བསྡུས་གསར་སྤེལ་བྱ་རྒྱུ་དེ་གཙོ་གནད་རྣམ་གྲངས་ཤིག་ལ་དངོས་སུ་བརྩིས་ནས“སྨན་སྣ་སྟོར་བ”ལྟ་བུའི་ཁ་འགྲེམས་རྣམ་པའི་མ་དངུལ་གཏོང་སྟངས་ལ་འགྱུར་ལྡོག་མཐིལ་ཕྱིན་པ་བཏང་བ་དང་། “བོད་དུ་ཤིང་འཛུགས་ནགས་བཟོ་བྱེད་པའི་ཐད་གྲོང་ཁྱེར་སྔོ་འགྱུར་གྱིས་ཁྲིད་སྟོན་དུ་བྱེད་པ་དང་། ལས་གྲྭས་ཤིང་འཛུགས་བྱ་རྒྱུ་གཙོ་གནད་དུ་འཛིན་པ། གྲོང་གསེབ་དང་གྲོང་ཁྱེར་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་ཀྱི་རྣམ་པ་གསར་པ”ཞིག་གྲུབ་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
སྐབས་ཤིག་རིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཤིང་འཛུགས་ནགས་བཟོའི་ཚ་རླབས་ཤིག་འཕྱུར་ནས་གཞིས་རྩེའི་ཁང་གསར་དང་། ལྷོ་ཁའི་རྩེད་ཐང་། སྙེ་མོའི་འགོ་ཐང་། རྒྱལ་རྩེའི་རྟ་ར་སོགས་དེ་སྔོན་སྐྱ་ཐེར་ཐེར་གྱི་གྲམ་ཐང་དུ་རིམ་བཞིན་ཡུག་འབྲེལ་གྱི་འགོག་སྲུང་ནགས་ཚལ་གྱིས་ཁེབས་ཡོད།
ད་ཆ་རླངས་འཁོར་ལ་བསྡད་དེ་ཡར་ཀླུང་གཙང་པོའི་རྒྱུད་ནས་འགྲོ་སྐབས། ལྗོན་ཤིང་རེ་རེ་ལས་སྔོ་ལྗང་ཡུག་གཅིག་གྲུབ་ནས་དེ་གའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བརྟན་པོ་བྱེད་བཞིན་ཡོད།
2008ལོའི་དཔྱིད་ཀར། བོད་ཀྱིས་ས་བབ་མཐོ་བའི་རི་རྒོད་དུ་ནགས་བཟོའི་ཚོད་ལྟ་ཐེངས་དང་པོ་བྱས་ཤིང་། སྒྲོན་ཤིང་དང་། ཐང་ཤིང་དཀར་པོ། ཡུན་ཧྲན་གསོམ་ཤིང་བཅས་སྡོང་རྐང་3000ལྷག་ཙམ་བཏབ་ནས“སྐྱེད་ཚལ་སྐྲུན་པའི་ནགས་ཚལ་ཨང་དང་པོར”གྱུར་ཡོད།
རི་ཆུ་ཀླུང་གསུམ་ལྟ་ན་སྡུག རི་སྔོན་ཆུ་དྭངས་ལས་ཐོག་མའི་བསམ་འདུན་མངོན་པ།
2021ལོའི་ཟླ་10ཚེས་4ཉིན་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་རེད།
“འཛམ་གླིང་ཡང་རྩེར”གཞི་ཁྱོན་ཆེན་པོས་ནགས་བཟོ་བྱེད་པ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད།
མཁྲེགས་སར་གཏུག་ཕོད་པར་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ནགས་ལས་དང་། ཞིང་ལས། ཚན་རྩལ་སོགས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཆེད་ལས་ཀྱི་ནགས་བཟོའི་འགག་སྒྲོལ་དཔུང་ཁག་ཅིག་བཙུགས་པ་དང་ཆབས་ཅིག“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་ཞུགས་པ། ཞིང་འབྲོག་པས་གླ་པ་བྱེད་པ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་གསར་གཏོད་བྱས་ཏེ་མང་ཚོགས་དེ་བས་མང་བར་ནགས་བཟོ་ནགས་སྐྱོང་ཁྲོད་ནས་སྐྱེ་ཁམས་ཀྱི་ཕན་པ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།
མིག་སྔའི་བར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་130ལྷག་ཙམ་བྱས་ནས་སྤྱི་ཡོངས་ཀྱི་གསོན་ཚད་85%ཡན་ཟིན་པ་དང་། “ནགས་ཚལ་ཡོད་སར་ཆུ་གཏོང་བ་དང་། ཆུ་འདྲེན་སར་གློག་གཏོང་བ། ནགས་ཚལ་ཡོད་སར་ལམ་བཟོ་བ”བཅས་ཀྱི་ཆུ་གློག་ལམ་གསུམ་གྱི་ལེ་ལག་ཚང་བའི་ལས་གྲྭའི་འགན་ལེན་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཡོད། “ལོ་ལྔར་རི་ཀླུང་དུ་སྔོ་ཁེབས་མང་དུ་གཏོང་བའི”དུས་མཚམས་ཀྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་སྐྱེ་ཁམས་ལེགས་སུ་གཏོང་བ་དེ་དམངས་འཚོའི་བདེ་རྩར་གང་མགྱོགས་འགྱུར་རྒྱུ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྔ་རྗེས་སུ་མི་ཐེངས་ཁྲི་1000ཙམ་ཞུགས་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་33ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཧུའུ་ཀྲི་ཀོང་གིས“མིག་སྔའི་བར་རང་ལྗོངས་ཀྱིས་ནགས་བཟོ་ནགས་སྐྱོང་གི་ལས་འགན་མུའུ་ཁྲི་720ལེགས་གྲུབ་ཟིན་པ་དང་། ནགས་ཚལ་ཁྱབ་ཚད་1977ལོའི་5.1%ནས་12.54%བར་འཕར་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།