ཞི་ཅིན་ཕིང་དང་ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་ནེ་ཝེ་སི་ཡིས་ཀྲུང་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་ནེ་ཝེ་སི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེར་ཏེ་གླིང་ཟུར་དབར་སྲོལ་རྒྱུན་མཛའ་མཐུན་ཟབ་མོ་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་ཡུན་རིང་འདྲིས་པའི་མཛའ་མཐུན་བརྟན་པོར་གནས་ཡོད། དུས་རབས་ཕྱེད་ཀ་ཙམ་གྱི་རིང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། ངས་ཀྲུང་ཝེའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ནེ་ཝེ་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་མཛའ་མཐུན་རྒྱུན་མཐུད་བྱེད་པ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཝེའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད།
ནེ་ཝེ་སིས་གསུངས་དོན། ཝེར་ཏེ་གླིང་ཟུར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དུས་རབས་ཕྱེད་ཀ་ཙམ་རིང་གི་མཛའ་མཐུན་མཉམ་ལས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོས་ཝེར་ཏེ་གླིང་ཟུར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་རྩ་ཆེའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཝེར་ཏེ་གླིང་ཟུར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་རྩ་སྐྲུན་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།