ན་ནིང་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་837.22ཟིན་པ།
གསར་འགོད་པར་ཀྲུང་གོ་འཁྲབ་སྟོན་ཚོང་འདུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་ར་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཞིང་། ལས་རྣམ་གསར་པ་དང་། ལྗོངས་རྣམ་གསར་པ། རྣམ་པ་གསར་པ་བཅས་སྣ་ཚོགས་མགྱོགས་མྱུར་ཐོན་ནས། ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་མདངས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་སྤ་སེའི་ཆ་འཕྲིན་འཚོལ་བསྡུའི་ལས་སྟེགས་ཀྱིས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་837.22ཟིན་པ་དེ་དུས་མཚུངས་ལས་5.19%འཕར་བ་དང་། འཁྲབ་སྟོན་གྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་616.55ཟིན་པ་དེ་དུས་མཚུངས་ལས་6.39%འཕར་བ། ཡོང་འབབ་གཞན་དག་སྒོར་དུང་ཕྱུར་220.67ཟིན་པ་དེ་དུས་མཚུངས་ལས་1.98%འཕར་ཡོད་པ་རེད། རྒྱལ་ཡོངས་སུ་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན(རོལ་རྩེད་ཁང་གི་འཁྲབ་སྟོན་ཚུད་མེད་པ)ཐེངས་ཁྲི་64.04བྱས་པ་དེ་བསྡུར་གཞི་ཡོད་པའི་2024ལོ་ལས་6.58%འཕར་བ་དང་། ལྟད་མོ་བ་མི་ཐེངས་དུང་ཕྱུར་1.94ཟིན་པ་དེ་དུས་མཚུངས་ལས་4.22%འཕར་ཡོད་པ་རེད།
2025ལོར་རྒྱལ་ཡོངས་སུ་མི་5000ཡན་གྱི་འཁྲབ་སྟོན་ཆེ་གྲས་ཀྱི་འཁྲབ་ཐེངས་དང་། སྤ་སེ་བཙོངས་ཚད། ལྟད་མོ་བའི་མི་ཐེངས་བཅས་དུས་མཚུངས་ལས་12.7% དང་། 9.49% 18.81%བཅས་སོ་སོར་འཕར་བ་དང་། འཁྲབ་སྟོན་ཆེ་གྲས་དེ་ཉིད་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། རྒྱལ་ཡོངས་སུ་མི་5000ཡན་ཟིན་པའི་འཁྲབ་སྟོན་ཆེ་གྲས་ཀྱིས་སྤ་སེའི་ཡོང་འབབ་ཕུད། འགྲིམ་འགྲུལ་དང་། ཞག་སྡོད། བཟའ་བཏུང་། ཡུལ་སྐོར། ཉོ་སྒྲུབ་སོགས་ལ་འཛད་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་2200ལྷག་ཙམ་ཟིན་པར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། མ་རྩོམ་གར་སྟེགས་ཟློས་གར་རྣམ་གྲངས་ལས་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཞིང་། གསར་རྩོམ་དང་སྒྲིག་བཟོའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། ཆེད་ལས་ཟློས་གར་ཁང་དང་ཟློས་གར་ཁང་ཆུང་གྲས་ཀྱི་བར་མཐོངས་གསར་པ་སོགས་ཟློས་གར་རིགས་ཀྱི་འཁྲབ་སྟོན་ཐེངས་ཁྲི་43.87བྱས་པ་དེ་2024ལོ་དང་བསྡུར་ན་7.3%འཕར་བ། སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་འཁྲབ་སྟོན་རྣམ་གྲངས་ལ་དོ་ཁུར་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ཟློས་གར་དང་། རོལ་དབྱངས་ཟློས་གར། གླུ་གཞས་འདུ་ཚོགས། རོལ་དབྱངས་དུས་ཆེན་སོགས་ལྟ་མཁན་མང་བའི་བརྙན་ཐུང་གི་ནང་དོན་ཟམ་མི་ཆད་པར་ཐོན་ནས། དྲ་ཐོག་ལས་སྟེགས་ཀྱི་ཟློས་གར་རྣམ་གྲངས་ཀྱི་ཚོང་གཉེར་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།