དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་གྲོགས་པོའི་པར་ཆས་ནང་གི་ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་རྣམ་པ།

    ལས་དར་དམངས་ཕྱུག་དང་མཛེས་མཐུན་གྲོང་གསེབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-26

            གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱིས་ཐོན་ལས་རིམ་སྤོར་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་། རིག་གནས་རྒྱུན་འཛིན་སོགས་ཁྱབ་ཁོངས་སུ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་གསོན་ཉམས་དོད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། བྱང་ཤར་འབྲུ་མཛོད་ནས་ལྷོ་ནུབ་གྲོང་ཚོའི་བར་དང་། མཚོ་རྒྱུད་ཀྱི་ཞིང་ས་གཤིན་པོ་ནས་མཐའ་མཚམས་ཀྱི་ས་ཆ་ཆེན་པོའི་བར་ལ་སོགས་ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བས་པར་ཆས་ལ་བརྟེན་ནས་ཡངས་པའི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཞིང་པའི་འཚོ་བ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་ཟིན་ཐོར་བཀོད་ཡོད།

    ཇ་འདེབས་ཞིང་པས་སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ནཱ་ཤིས་ཆུས་ཧུའུ་གོ་གྲོང་རྡལ་ཏེ་ཧུང་གྲོང་ཚོའི་ཧུང་ཡན་ཙི་ཇ་ཤིང་ར་བར་ཇ་ལོ་འཐུ་བཞིན་པ། (སི་ཁྲོན་ལུའུ་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་གློག་རླངས་དང་གློག་རྡུལ་ལས་གྲྭ་སློབ་གླིང་གི་རྒྱལ་ཁོངས་རྒྱ་གར་ནས་ཡིན་པའི་དགེ་རྒན་ཤཱ་མ་ཡིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ཧུང་ཡན་ཙི་ཇ་ཤིང་ར་བར་དྭངས་གསལ་དུས་ཚིགས་གོང་བཏུས་ནས་བཟོས་པའི་ཇའི་བྲོ་བ་མྱོང་བ་ཡིན། ཀྲུང་གོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ས་ཁམས་མཚོན་རྟགས་གྲོས་ཆོད་ཀྱི་སྲུང་སྐྱོང་ཐོན་རྫས་ཤིག་ཡིན་པའི་ཇ་ལོ་དེས་ཏན་ཞ་ཡི་ས་རྒྱུ་དམར་པོ་དང་དམིགས་བསལ་གྱི་གནམ་གཤིས་ལ་བརྟེན་ནས་ས་གནས་དེ་གའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི“ཕྱུག་འགྱུར་གྱི་ཇ་ལོར”གྱུར་ཡོད། ནཱ་ཤིས་ཀྱི་ཇ་འདེབས་སའི་རི་འདེབས་སུ་བག་ཕེབས་ངང་སྐྱོད་སྐབས་རྒྱང་རིང་དུ་བལྟས་ཚེ་ཏན་ཞ་ཡི་ས་ངོས་སུ་ཆགས་པ་ནི་གཡུ་ལྟར་སྔོ་བའི་ཇ་ཞིང་ཡིན་པས་མི་རྣམས་ཀྱིས་ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་གྲུབ་འབྲས་ཚོར་ཐུབ།

    ཧེ་ལུང་ཅང་པེ་ཏ་ཧོང་ཚོགས་པའི་མཛའ་གྲོགས་ཞིང་རས་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་རིག་ནུས་འབྲས་ལྗང་གསོ་སྤེལ་བྱས་ཏེ་ལྗང་པའི་སྤུས་ཚད་མཐོ་རུ་དང་ཐོན་སྐྱེད་ཀྱི་མ་གནས་དམའ་རུ་བཏང་ཡོད།(ཧན་གོ་ལུང་རེན་གྲོང་ཁྱེར་གྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་ལས་གཉེར་བ་ཕེའོ་རུའེ་ལིན་གྱིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ཧེ་ལུང་ཅང་པེ་ཏ་ཧོང་དུ་སླེབས་སྐབས་དེ་གའི་རིག་ནུས་འབྲས་ལྗང་གསོ་སྤེལ་བྱེད་པའི་རང་འགུལ་ཅན་གྱི་ཆུ་ཚད་དེ་ངའི་བསམ་ཡུལ་ལས་འདས་སོང་། འཕྲུལ་ཆས་ལ་བརྟེན་ནས་གནད་སྨིན་ལས་སྒྲུབ་བྱས་པས་སྔོན་ཐོན་ལག་རྩལ་གྱིས་སྲོལ་རྒྱུན་གྱི་འབྲས་ལྗང་གསོ་སྤེལ་གྱི་དཀའ་གནད་བསལ་ཏེ་ལྗང་པའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་དང་ངལ་ནུས་དཀོན་པའི་དཀའ་གནད་ཞི་ལྷོད་དུ་སོང་ཞིང་། གཞི་ཁྱོན་ཅན་དང་ཞིབ་ཚགས་ཅན་གྱི་ཞིང་ལས་བྱེད་སྟངས་དེ་རིགས་ནི་རིག་ནུས་ཞིང་ལས་ཀྱི་ཡིད་དབང་འཕྲོག་ཤུགས་གཙོ་བོ་ཞིག་རེད། ཧན་ཀྲུང་ཕྱོགས་གཉིས་ཀྱིས་ཞིང་ལས་ལག་རྩལ་སྤེལ་རེས་གཏིང་ཟབ་བྱས་ཏེ་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གཉེར་ཡུལ།(ཀུའེ་ཀྲོའུ་སློབ་ཆེན་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་རྐང་རྩེད་སྤོ་ལོའི་རྩལ་ཁྲིད་པ་ཏ་ཝུའེ·ཅི་ལི་ཡིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ཀུའེ་ཀྲོའུ་ཆན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་ནི་ངའི་བྱིས་དུས་ཀྱི་འཚོ་བ་སྐྱེལ་ཡུལ་ཡིན། སྐབས་དེ་དུས་རུང་ཅང་གི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་སྐྲུན་འགོ་ཚུགས་མ་ཐག་ཡིན་པས་ས་འདམ་གྱི་སྤོ་ལོའི་ཐང་དུ་སྤོ་ལོ་མ་རྒྱག་ཀ་མེད་རེད། འོན་ཀྱང་ཚང་མ་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ་པོ་ཡོད། ལོ་མང་སོང་རྗེས་སླར་ཡང་ཀྲུང་གོར་ལོག་སྐབས་རུང་ཅང་གི་འགྱུར་ལྡོག་ལ་ང་རང་དགའ་ཚོར་ཆེན་པོ་བྱུང་། ད་ཆ་གྲོང་ཚོར་ཚད་ལྡན་གྱི་རྐང་རྩེད་སྤོ་ལོ་ཐང་ཡོད་པ་མ་ཟད་འགྲོ་ལམ་ཡང་རྒྱ་ཆེ་ལ་གཙང་བ་ཞིག་ཡོད། ད་ལྟ་ངས་ཀུའེ་ཀྲོའུ་སློབ་ཆེན་གྱི་རྐང་རྩེད་སྤོ་ལོའི་རྩལ་ཁྲིད་པའི་འགན་འཁུར་བ་དང་གཟའ་མཇུག་སྐབས་རུང་ཅང་དུ་སྤོ་ལོ་རྒྱག་པར་འགྲོ་གི་ཡོད། དེ་གའི“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”སྐད་གྲགས་ཆོད་ནས་ཀྲུང་གོའི་ས་གནས་ཁག་དང་དེ་བཞིན་རྒྱལ་ཁབ་གཞན་དག་གི་སྤོ་ལོ་དབྱིངས་པ་ཚོའི་ཡིད་དབང་བཀུག་ཡོད། ངའི་སེམས་ནང་གི“གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར”ནི་འཁྲུག་ཆ་དོད་པའི་འགྲན་བསྡུར་ཙམ་མ་ཡིན་པར་ཀྲུང་གོའི་གྲོང་གསེབ་ཀྱི་ཆེས་དངོས་ཡོད་དང་ཡིད་དབང་འཕྲོག་ཤོས་ཀྱི་རྣམ་པ་ཞིག་ཀྱང་རེད།

    ཧྥུའུ་ཅན་ཆོན་ཀྲོའུ་གྲོང་ཁྱེར་རྡོ་སེང་གེ་ཧན་ཅང་འདམ་རའི་སྤྱི་གླིང་།(རྒྱལ་ཁོངས་དབྱི་ཐ་ལི་ནས་ཡིན་པའི་ཨའེ་ལུའོ་སི·ཏི·པ་ཐོ་ལུའོ་མེ་ཨའོ་ཡིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ཧྥུའུ་ཅན་དུ་འཚོ་བ་བསྐྱལ་ནས་ལོ་11སོང་བའི་པར་རྒྱག་མཁན་ཞིག་ཡིན་པའི་ངས་པར་ཆས་ལ་བརྟེན་ནས་ཡུལ་དེ་གའི་གྲོང་གསེབ་འཕེལ་རྒྱས་དང་སྐྱེ་ཁམས་འགྱུར་ལྡོག་ཟིན་ཐོར་བཀོད་པ་ཡིན། རྡོ་སེང་གེ་ཧན་ཅང་འདམ་རའི་སྤྱི་གླིང་དེ་ཧན་ཅང་གྲོང་རྡལ་དུ་གནས་ཤིང་། ལོ་དེ་དག་ནང་བརྒྱུད་རིམ་ལྡན་པའི་འདམ་ར་སླར་གསོ་དང་ཆུ་རྒྱུད་བཅོས་སྐྱོང་བྱས་པ་བརྒྱུད། ད་ཆ་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཏེ་འདབ་ཆགས་བློ་བདེའི་ངང་འཚོ་སྡོད་བྱེད་པའི་ཁྱིམ་གཞིས་སུ་གྱུར་བ་མ་ཟད། ཉེ་འཁོར་གྱི་གྲོང་མི་རང་བྱུང་ཁམས་དང་ཉེ་བཅར་བྱེད་ས་ཡག་པོ་ཞིག་ཏུའང་གྱུར་ཡོད། འདམ་ར་དེའི་འགྱུར་ལྡོག་ལས་ངས་ཀྲུང་གོའི་གྲོང་གསེབ་ཀྱི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོད་པ་མིག་མཐོང་ལག་ཟིན་ཐུབ་བྱུང་།

    བརྙན་ཐུང་གསར་རྩོམ་པ་དབྱང་ལི་ཙིས་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་པའེ་ཀྲང་གྲོང་རྡལ་གྱི་གྲོང་གསེབ་ཏུ་རང་པར་རང་བརྒྱབ་ཀྱི་པར་ཡིན་པ། (རྒྱལ་ཁོངས་ཨ་རི་ནས་ཡིན་པའི་བརྙན་ཐུང་གསར་རྩོམ་པ་ཁའེ་སི་ལིན[དབྱང་ལི་ཙི]གྱིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། བརྙན་ཐུང་གསར་རྩོམ་པ་ཞིག་ཡིན་པའི་ངོས་ནས་པར་ཆས་དང་བརྙན་ཤེལ་ལ་བརྟེན་ཏེ་ཀྲུང་གོའི་གྲོང་གསེབ་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་ནས་དེ་གའི་མཛེས་སྡུག་ལྡན་པའི་འཚོ་བ་འཛམ་གླིང་ཡོངས་ཀྱི་ལྟད་མོ་བར་མཉམ་སྤྱོད་བྱ་རྒྱུ་བྱུང་བ་ནི་ངའི་གཟི་བསོད་ཅིག་ཡིན། ཧང་ཀྲོའུ་པའེ་ཀྲང་གྲོང་རྡལ་དུ་ཞིང་སྡེར་ཞི་དུལ་གྱི་མཛེས་ལྗོངས་ཡོད་ལ་དེང་རབས་འཚོ་བའི་སྟབས་བདེ་སོགས་ཡོད། ཚང་མ་པའེ་ཀྲང་གྲོང་རྡལ་དུ་ཀྲུང་གོའི་གྲོང་གསེབ་ཀྱི་མཛེས་སྡུག་དང་གསོན་ཤུགས་ཉམས་སུ་མྱོང་བར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན།

    ཡུན་ནན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་ཧོ་ཁོའུ་ཡའོ་རིགས་རང་སྐྱོང་རྫོང་ལའོ་ཧྥན་ཀྲའེ་ཤང་དུ་མི་མེད་གནམ་གྲུས་ཤིང་ཏོག་ཨ་མྲ་དབོར་བཞིན་པ།(ལའོ་ཧྥན་ཀྲའེ་ཤང་གི་རྒྱལ་ཁོངས་ལོ་སི་ནས་ཡིན་པའི་ཡུལ་མི་ལི་ལིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ང་རང་ལའོ་ཧྥན་ཀྲའེ་ཤང་དུ་ལོ་མང་འཚོ་བ་སྐྱེལ་བས་གྲོང་སྡེའི་འགྱུར་ལྡོག་དག་མིག་མཐོང་ལག་ཟིན་བྱུང་། སྔོན་ཆད་རི་ལམ་ཀྱག་ཀྱོག་ཐོག་སྐྱེལ་འདྲེན་སྟབས་བདེ་པོ་མེད་པས་ཤིང་ཏོག་ཨ་མྲ་སྨིན་སྐབས་ཡུལ་མི་ཚོས་ཕྱི་རོལ་དུ་དབོར་མི་ཐུབ་པ་དང་ཚོང་ལམ་ལ་ཤུགས་རྐྱེན་ཐེབས་ཡོང་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཆ་རིག་ནུས་མི་མེད་གནམ་གྲུས་ང་ཚོར་ཤིང་ཏོག་ཕྱིར་དབོར་རོགས་བྱས་པས་མགྱོགས་ལ་སྟབས་བདེ་པོ་འདུག ཤིང་ཏོག་རི་གྲོང་ནས་དབོར་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་མེད། ཚན་རྩལ་མཐོ་པོ་ལས་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཐེབས་བྱུང་།

    ས་སྲོས་ཀྱི་ཀོང་ཤིས་ཧོ་ཀྲོའུ་གྲོང་ཁྱེར་ཧོང་ཡའོ་གནའ་གྲོང་གི་མཛེས་ལྗོངས་ཁུལ་ཡིན་པ། (རྒྱལ་ཁོངས་ཧྥ་རན་སེ་ནས་ཡིན་པའི་ཡུལ་སྐོར་བ་ཉི་ཀུ་ལ·རུའོ་པར་གྱིས་པར་བརྒྱབ)

    པར་རྒྱག་མཁན་གྱིས་བཤད་དོན། ཀྱག་ཀྱོག་རྡོ་གཡམ་ལམ་དེ་གྲལ་སྟར་འགྲིག་པའི་གནའ་བོའི་སྡོད་ཁང་དུ་བསྲིངས་པ་དང་ཧོང་ཡའོ་གནའ་གྲོང་ནི་ཀྲུང་གོའི་ཆུ་ཚོན་རི་མོ་ཞིག་དང་འདྲ་བར་དེའི་མཛེས་ལྗོངས་ཀྱིས་མི་རྣམས་ཡིད་དབང་འཕྲོག་པར་བྱེད། ངས་པར་མང་པོ་ཞིག་བརྒྱབ་པ་མ་ཟད་བརྙན་ཐུང་ཡང་ཕབ་ལེན་བྱས་ཏེ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་འདི་རྒྱང་རིང་དུ་ཡོད་པའི་གཉེན་ཉེ་དང་གྲོགས་པོ་ཚོར་མཉམ་སྤྱོད་བྱས་པ་ཡིན། དེ་ནས་ཀྲུང་གོས་སྲོལ་རྒྱུན་གྲོང་ཚོར་སྲུང་སྐྱོང་གང་ལེགས་བྱེད་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་གྲོང་ཚོར་སྐྱེ་སྟོབས་དང་གསོན་ཤུགས་སྦྱིན་པ་མཐོང་བྱུང་། དེ་ནི་བརྗེད་པར་དཀའ་བའི་ཉམས་ལེན་ཞིག་རེད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།