མཚོ་སྔོན་གྱི་རི་གསེབ་ཏུ་གནས་པའི་གྲོང་ཚོར་འཚམ་པའི་འཕེལ་རྒྱས་གཏོང་ཐབས་ཤིག་རྙེད་པ།
པན་ཡན་གྲོང་ཚོས་ལོ་10འབད་བརྩོན་བྱས་ནས་ཐོན་སྐྱེད་གོང་འཕེལ་བཏང་བ།
2016ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱིས་གཅིག་སྡུད་བཀོད་སྒྲིག་བྱས་པ་དང་། ཐག་རིང་ལུང་ཁུག་རི་བོའི་གསེབ་ཏུ་གནས་པའི་གྲོང་ཚོ་དེ་ཞིང་ཆེན་ལམ་འགྲམ་གྱི་ཁང་པ་གསར་པར་སྤོས།
ལོ་དེའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆར་རྡུང་ལ་མ་འཛེམས་པར་དེ་གར་ཕེབས་ནས། ཚང་མར་འཚོ་བའི་བཀོད་སྒྲིག་གནང་རྗེས“ཐོན་སྐྱེད་གོང་འཕེལ་གཏོང་དགོས་པའི”བཀའ་མངགས་གནང་བ་རེད།
“ཐོན་སྐྱེད་གོང་འཕེལ”ཇི་ལྟར་གཏོང་དགོས། དེ་ནི་ཡུལ་བབ་དང་བསྟུན་དགོས་ཤིང་། ཉེ་ཆར། གསར་འགོད་པ་པན་ཡན་གྲོང་ཚོར་ས་གནས་དེ་གས་ཇི་ལྟར་བྱས་ནས་སོར་རྩེ་དང་། རྣང་མ། ནགས་རི་བཅས་ཀྱི་ཁྲོད་ནས་ཐབས་ཤེས་འཚམ་ཤོས་ཤིག་བཙལ་ཏེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པའི་སྐོར་ལ་ལྟ་བར་ཕྱིན།
ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་གོང་འཕེལ་བཏང་བས་སོར་རྩེའི་ཐོན་ལས་ལ་འབབ་འཕར་བྱུང་བ།
གྲོང་ཚོར་སླེབས་མ་ཐག་པན་ཡན་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཆི་ཧྲི་སན་གྱིས་གསར་འགོད་པ་ཤིང་དུམ་གྱིས་བསྐོར་བའི་སྒོ་ར་ཆུང་ཆུང་ཞིག་གི་ནང་ཁྲིད་བྱུང་། ཁོང་གིས“ཁྱེད་ཚོ་ང་ཚོའི་གྲོང་ཚོའི་འཚེམ་དྲུབ་བཟོ་ཁང་ལ་གཟིགས་པར་ཕེབས་དང”ཞེས་བརྗོད།
སྒོ་རའི་ནང་འཛུལ་སྐབས་ལོ་74ལ་སླེབས་པའི་རྒན་མོ་ལན་ལཱ་མུའུ་ཧྲི་ཅེ་རྒན་འཁོགས་ཀྱི་མིག་ཤེལ་ཞིག་བརྒྱབ་ནས་དེ་གར་བསྡད་ཡོད་པ་དང་། ལག་ནང་གི་སྐུད་པ་དང་སྐེད་པར་དཀྲིས་པའི་སྐུད་པ་ཕན་ཚུན་ཕར་བརྒྱུས་ཚུར་བརྒྱུས་བྱས་པས་ཉི་མ་མེ་ཏོག་གི་རི་མོ་ཞིག་རིམ་བཞིན་མངོན། “འདི་གར་ལས་ཀ་བྱས་ནས་ཉིན་གང་འགོར་སོང་། ནམ་རྒྱུན་ཐོན་རྫས་སྣ་ཚོགས་བཟོ་བ་དང་། ཁོམ་པ་ཡོད་པའི་དུས་སུ་ལག་རྩལ་སྐོར་ལ་གྲོས་བསྡུར་བྱེད་ཀྱི་ཡོད”ཅེས་བརྗོད། འཁྲིས་སུ་ཡོད་པ་ནི་འཚེམ་དྲུབ་ཐོན་རྫས་འགྲེམས་ཁུལ་ཡིན་པ་དང་མིག་ལམ་དུ་ཁྲ་ལྷ་མེར་མངོན་པ་ནི་ཐུའུ་རིགས་ཀྱི་རྒྱན་གོས་དང་རྒྱན་སྤྲས་དཔེ་ཁུག་རེད།
ཡུལ་བབ་དང་བསྟུན་པའི་ངོ་བོ་ནི་དངོས་ཐོག་བདེན་འཚོལ་རེད། སྐབས་དེ་དུས་ཀྱི་པན་ཡན་གྲོང་ཚོའི་ངོས་ནས་བརྗོད་ན། འཚེམ་དྲུབ་ནི་ཐོན་ལས་གོང་འཕེལ་གཏོང་བའི་ཐབས་ཤེས་འཚམ་ཤོས་དེ་རེད།
དགོན་ལུང“ཐུའུ་རིགས་ཀྱི་འཚེམ་དྲུབ”ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཤིག་ཡིན་ཞིང་། དེའི་ཁྱད་ཆོས་ནི“ཁབ་གཉིས་སྐུད་གཉིས”ཡིན་པས་འཚེམ་དྲུབ་ཀྱི་འབུར་གཟུགས་མངོན་གསལ་དོད་པོ་ཡོད། དགོན་ལུང་རྫོང་གི་འཚེམ་དྲུབ་ཐོན་ལས་རྟེན་གཞིའི་འགན་འཁུར་བ་ཧ་ཁྲེང་ཆིང་གིས། སྐབས་དེ་དུས་འཚེམ་དྲུབ་བཟོ་ཁང་འཚམ་ཤོས་ཤིག་འཚོལ་ཞིབ་བྱེད་ཀྱི་ཡོད། ཧྲི་ཅན་ཅུན་གྱིས་ཁོ་མོ་པན་ཡན་གྲོང་ཚོར་ལྟ་བར་འགྲོ་རྒྱུའི་འོས་སྦྱོར་བྱས་པ་དང་། ལྟ་སྐོར་ཐེངས་གཅིག་བྱས་རྗེས་ཁོ་མོ་གྲོང་ཚོ་དེའི་ཐོན་ལས་ཀྱི་རྨང་གཞིར་ཧང་སངས་སྟེ། “ཁྱིམ་ཚང་རེ་རེ་བཞིན་ལ་རྒྱུས་ལོན་བྱས་པ་བརྒྱུད། གྲོང་ཚོའི་བུད་མེད་80%ཡིས‘ཁབ་གཉིས’ལག་རྩལ་ཤེས་ཀྱི་འདུག”ཅེས་བརྗོད།
ལག་རྩལ་གྱི་སྟོབས་ཤུགས་འདང་ངེས་ཡོད་ནའང་ད་དུང་མ་དངུལ་དང་ཚོང་ལམ་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད། གྲོང་ཚོ་དེས་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་300བརྩོན་ལེན་བྱས་ནས་འཚེམ་དྲུབ་བཟོ་ཁང་བསྐྲུན་པ་རེད། “འཚེམ་དྲུབ་བཟོ་ཁང་དུ་ང་ཚོ་འཚེམ་དྲུབ་མ་རྣམས་གཅིག་སྡུད་གསོ་སྦྱོང་དང་། མངགས་ཐོ་བགོ་བཤའ་བརྒྱབ་རྗེས་རང་ཁྱིམ་གྱི་སྒོ་རྩར་འཚེམ་དྲུབ་ལག་ཤེས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང”ཞེས་རྒན་མོ་ལན་ལཱ་མུའུ་ཧྲི་ཅེ་ཡིས་བརྗོད།
ཡུལ་མི་དེ་བས་མང་བས་བློ་མི་བདེ་བའི་རྣམ་འགྱུར་འཛིན་པ་ནས་དེའི་ནང་དངོས་སུ་ཞུགས་པའི་བར་པན་ཡན་གྲོང་ཚོའི་འཚེམ་དྲུབ་ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། འདས་ཟིན་པའི་ལོ་10ཡི་རིང་པན་ཡན་གྲོང་ཚོས་འཚེམ་དྲུབ་མ་140ལྷག་ཙམ་གསོ་སྦྱོང་བྱས་པ་དང་། མངགས་ཐོ་མང་པོ་འབྱོར་སྐབས་པན་ཡན་གྲོང་ཚོའི་བུད་མེད་ཚང་མ་འཚེམ་དྲུབ་ཐོན་ལས་ནང་ཞུགས་ཀྱི་ཡོད། ན་ནིང་གྲོང་ཚོའི་འཚེམ་དྲུབ་ཐོན་ལས་ལ་ཁྱོན་མངགས་ཐོ་སྣ་ཚོགས་7000ལྷག་ཙམ་འབྱོར་བ་དང་མངགས་ཐོའི་ཡོང་འབབ་སྒོར་ཁྲི་35ལྷག་ཙམ་ཟིན་ཡོད།
དུས་དང་བསྟུན་ནས་ལས་དོན་བསྒྲུབས་པས་ཞིང་ནང་དུ་དཔལ་འབྱོར་གྱི་མྱུ་གུ་འབུས་པ།
ལོ་ལྟར་དྲོད་ཚད་མཐོ་བའི་དབྱར་ཐན་དུས་སུ་ས་ཆ་གཞན་དུ་འདབ་རིགས་སྔོ་ཚལ་དང་བསིལ་དད་སྔོ་ཚལ་མང་པོ་ཞིག་གི་ཐོན་འབབ་ཉུང་དུ་དང་སྤུས་ཚད་དམའ་རུ་འགྲོ་གི་ཡོད། འོན་ཀྱང་ས་བབ་མཐོ་བའི་དགོན་ལུང་རྫོང་དུ་གནམ་གཤིས་གྲང་ལ་འབུ་སྲིན་གྱི་གནོད་སྐྱོན་ཐོན་ཉུང་བས། ཞིང་ནང་དུ་བསིལ་དད་སྔོ་ཚལ་བཏབ་ན་འཚམ་པོ་ཡོད་ཅིང་། མ་གནས་དམའ་བ་དང་། ཐོན་འབབ་མཐོ་བ། སྔོ་ཚལ་སོས་ལ་བྲོ་བ་ཞིམ་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཁྲོམ་རའི་ཐོག་ལེགས་ཆ་ཆེན་པོ་ལྡན།
2019ལོར། བརྟག་དཔྱད་ཞིབ་འཇུག་བྱས་རྗེས་དགོན་ལུང་རྫོང་གིས་ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི་གྲང་དད་དང་བསིལ་དད་སྔོ་ཚལ་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུ་དང་པན་ཡན་གྲོང་ཚོ་སོགས་སུ་གྲང་དད་དང་བསིལ་དད་སྔོ་ཚལ་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུའི་ཐག་བཅད་པ་རེད།
ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བར་ས་ཁམས་ཀྱི་ལེགས་ཆ་ཁོ་ནར་བརྟེན་ན་ག་ལ་འགྲིག
དགོན་ལུང་རྫོང་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡིའུ་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེས་མི་སྣ་ཐེངས་མང་མངགས་ཏེ། གྲང་དད་དང་བསིལ་དད་སྔོ་ཚལ་གྱི་ལེགས་ཆ་ཡོད་པའི་ཉིང་ཞ་སོགས་སུ་ཚད་ལྡན་ཅན་གྱི་འདེབས་འཛུགས་དང་། གྲང་ཕྲེང་ཟོག་འགྲུལ། སྤུས་རྟགས་ཚོང་སྒྱུར་བྱེད་སྟངས་བཅས་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་ཆབས་ཅིག ཤང་ཀང་དང་ཨའོ་མོན་སོགས་སུ་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་བྱེད་པར་བསྐྱོད་ནས་ས་བབ་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་གྲོང་ཚོ་མི་འདྲ་བར་འདེབས་འཛུགས་ཀྱི་འཆར་གཞི་བཀོད་པ་རེད།
ལོ་གཉིས་ནང་། ཝུའུ་ཧྲི་གྲོང་རྡལ་གྱིས་གྲང་དད་དང་བསིལ་དད་སྔོ་ཚལ་གྱི་མཛོད་ཉར་འཁོར་ཁང་བསྐྲུན་ནས། ཆུ་འདྲེན་སྒྲིག་བཀོད་ལེགས་སུ་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་འདེབས་འཛུགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད། དགོན་ལུང་རྫོང་གིས་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པའི་སྤུས་ཚད་ཚོད་འཛིན་མ་ལག་བསྐྲུན་ནས་པན་ཡན་གྲོང་ཚོ་སོགས་ནས་ཐོན་པའི་ས་མཐོའི་གྲང་དད་དང་བསིལ་དད་སྔོ་ཚལ་རིགས་30ལྷག་ཙམ་ཁུག་ཆེན་ཁུལ་ལ་ཐད་ཀར་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
“གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་སྟོང་ཙམ་ཟིན་པ་སྟེ་ཧ་ཅང་ཆེན་པོ་ཡོད”ཅེས་ཡུས་ཆི་ཧྲི་སན་གྱིས་མཛུབ་རྩིས་རྒྱག་གིན། ལོ་ལྟར་ཐེངས་གཉིས་འདེབས་ཐུབ་པ་དང་མུའུ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་ལྷག་ཙམ་ཡོང་གི་ཡོད། གྲང་དད་དང་བསིལ་དད་སྔོ་ཚལ་ཐོན་ལས་ཁོ་ནས་གྲོང་ཚོའི་འདེབས་འཛུགས་དུད་ཚང་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་མང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་བརྗོད།
དུས་བབ་དང་བསྟུན་ནས་ཐབས་ཇུས་ལག་ལེན་བསྟར་ཏེ་ཐབས་མཆོག་འཚོལ་བ།
ཆར་པ་བབས་རྗེས་ཀྱི་པན་ཡན་གྲོང་ཚོའི་རི་བོ་སྔོ་ལྗང་གིས་ཡོངས་སུ་བཀླུབས་ཤིང་གྲོང་ཚོའི་ཁ་རླུང་ཡང་ཤིན་ཏུ་ཡག
ཉེ་བའི་ལོ་ཤས་རིང་། པན་ཡན་གྲོང་ཚོའི་ཡུལ་སྐོར་ས་ཚིགས་དང་སྤྱི་པའི་སྒྲིག་བཀོད་ཉིན་རེ་ལས་མ་འདས་པར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་སྟེ། གྲོང་ཚོའི་ལོ་རྒྱུས་ཁང་དང་། ས་ཁུག་རི་གྲོང་གི་གནས་ཡུལ་རྙིང་པ། ཞིང་དུད་ཀྱི་འཐུ་བསྡུའི་ར་བ། པན་ཡན་བསྙལ་ཆང་བཟོ་ཁང་། འཚེམ་དྲུབ་ཁང་། འོད་གསོག་དང་གློག་གསོག་སྒྲིག་བཀོད་གཞི་གཅིག་ཅན་གྱི་རླངས་འཁོར་འཇོག་ས། ཞིང་དུད་སྤྲོ་སྐྱིད་ཁང་དང་དམངས་སྲོལ་གནས་ཚང་10བཅས་ཡོད་པ་དེ་དག་རེད།
རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ལས་དོན་མི་སྣས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་པའི་ཤང་དང་གྲོང་ཚོ་མང་པོར་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། 2025ལོར་པན་ཡན་གྲོང་ཚོས་ཡུལ་སྐོར་བ་མི་ཐེངས་ཁྲི་7.8ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་202བྱུང་བ་མ་ཟད། འཚེམ་དྲུབ་རིག་གནས་བསམ་བཀོད་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་སྐྱེ་ཁམས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱུན་མཐུད་འདེབས་འཛུགས་བྱས་པ་བརྒྱུད་སྔོ་ཐིང་ངེར་གནས་པའི་ས་ཁུག་ལུང་པ་དེ་ཉིད་རྩ་ཆེའི་མཆོག་ནོར་ཞིག་དང་འདྲ་བར། སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་ལ་སྐྱེ་ཁམས་ཐོན་ཁུངས་འདང་ངེས་མཁོ་འདོན་བྱེད་བཞིན་ཡོད།
2015ལོར། པན་ཡན་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2600ཟིན་པ་དང་། 2020ལོར། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་11419ཟིན་པ། 2025ལོའི་ལོ་མཇུག་ཏུ་གྲངས་འབོར་དེར་སླར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ནས་སྒོར་20000ལྷག་ཙམ་ཟིན་གྱི་ཡོད། “ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་པས་ངོ་གདོང་ནས་འཛུམ་མདངས་འཕྱུར་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྫོང་གི་ཡིད་ཆེས་ཀྱང་ཇེ་བརྟན་དུ་ཕྱིན་ཡོད། ཡང་དག་པའི་ལམ་བུ་འཚོལ་རྙེད་ཐུབ་པ་དང་གཞན་གྱི་ཉམས་མྱོང་གཞི་གདན་དུ་བྱས་ནས་ལས་དོན་བསྒྲུབས་པས། གྲོང་གསེབ་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད”ཅེས་དགོན་ལུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཏུང་གིས་ཡིད་ཆེས་ཆེན་པོས་བརྗོད།
འབྲེལ་ཡོད་གསར་འགྱུར།