དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྩོན་པའི་སྨྱུག་ཁ་མ་གློད་པར། བོད་ཀྱི་གཏམ་རྒྱུད་གླེང་བར་གཞོལ།

    བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ་བསླབ་རྒན་རྩོམ་སྒྲིག་པ་དང་རྩོམ་པ་པོ་གྲགས་ཅན་བསོད་ནམས་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས། བསོད་ནམས་མཚོ་མོ། ཕུན་ཚོགས་ཉི་སྒྲོན། བསོད་ནམས་སྟོབས་ལགས། བསྟན་འཛིན།   |     སྤེལ་དུས།  2026-04-26

    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་དེ་སྔའི་རྩོམ་སྒྲིག་པ་དང་གསར་འགོད་པ་རྒན་བསོད་ནམས་ཀྱིས་རྩོམ་ཡིག་ལ་ཞུ་དག་གཏོང་བཞིན་པ།

    ལོ་ངོ་30ལྷག་ཙམ་རིང་། བོད་ཀྱི་རྩོམ་རིག་དུས་དེབ་སྣ་ཚོགས་དང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་རིག་ལེ་ཚན་དུ་བསོད་ནམས་ཞེས་པའི་རྩོམ་པ་པོ་ཞིག་གི་མཚན་ཡང་ཡང་མཇལ་རྒྱུ་ཡོད་ཅིང་། ཁོང་གིས་ཚགས་པར་དང་དུས་དེབ་ཕུད། ད་དུང《ཐག་རིང་ནས་བསུས་པའི་མནའ་མ》དང་། 《ཚངས་སྲས་དགྱེས་པའི་སྙན་དབྱངས》 《ཉམ་ཆུང་བུ་མོའི་ལས་དབང》སོགས་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་དེབ་བཅུ་ལ་ཉེ་བ་བརྩམས་གནང་བ་དང་། 《ས་མཐོའི་ཕུལ་བྱུང་མི་སྣ》ཞེས་པའི་གསར་འགྱུར་རྒྱས་འཕྲིན་རྩོམ་ཡིག་ཕྱོགས་བསྡུས་དེབ་གསུམ་ལ་ཉེ་བ་དཔེ་སྐྲུན་འགྲེམས་སྤེལ་ཞུས་ཡོད་པ་རེད། ཁོང་ནི་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་དེ་སྔའི་རྩོམ་སྒྲིག་པ་དང་གསར་འགོད་པ་རྒན་བསོད་ནམས་རེད། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་དང་གསར་འགོད་པ་རྒན་གྲས་ཤིག་ཡིན་པའི་ངོས་ནས། ད་ཐེངས་ང་ཚོས་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་གོ་སྐབས་དང་བསྟུན་ནས། ཁོང་ལ་ཆེད་དུ་བཅར་འདྲི་ཞུས་པ་ཡིན།

    གསར་འགོད་པ། རྒན་ལགས་ཁམས་བཟང་། རྒན་ལགས་ཁྱེད་རང་ཐོག་མར་ལས་འབྲེལ་དང་མཐུན་རྐྱེན་གང་འདྲ་ཞིག་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཕྱག་ལས་གནང་བར་ཕེབས་པ་ཡིན་ནམ།

    བསོད་ནམས། ཁམས་བཟང་། ང་རང་ནི་ཐོག་མར་གཞི་རིམ་གྱི་འཕྲིན་སྤེལ་བ་ཞིག་ཡིན། ལས་ཞོར་དུ་གཞི་རིམ་གྱི་གསར་འགྱུར་སྣ་ཚོགས་བྲིས་ནས་ཚགས་པར་དུ་བཀོད་པས། ང་དང་འདྲ་བའི་འཕྲིན་སྤེལ་བ་ཉུང་ཤས་ཚགས་པར་ལས་ཁུངས་སུ་བསྡུས་པ་དང་། 1985ལོར་དངོས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་བཟོར་གྱུར། དེ་ནས་བཟུང་། ང་རང་ཆེད་ལས་གསར་འགོད་པའི་ལས་ཀ་དོན་དུ་གཉེར་རྒྱུ་བྱུང་ཞིང་། ལོ་རེའི་ཞོ་སྟོན་གྱིས་གཙོས་པའི་བྱེད་སྒོ་ཆེ་གྲས་ཀྱི་གསར་འགྱུར་གཏོང་སྤེལ་གྱི་འགན་ཁུར་བ་དང་། ལོ་ལྟར་བོད་ལྗོངས་ཀྱི་ས་ཕྱོགས་གང་སར་བཅར་འདྲིར་སོང་སྟེ། གསར་འགྱུར་བསྡུས་འཕྲིན་དང་རྒྱས་འཕྲིན་སྣ་ཚོགས་དེབ་ཚད་ལོངས་པ་མང་པོ་བཀོད་སྤེལ་བྱས། དེ་དག་ལས་གསར་འགྱུར་རྩོམ་ཡིག་ལེགས་གྲས་རྣམས་བདམས་ཏེ། 《ས་མཐོའི་ཕུལ་བྱུང་མི་སྣ》ཟེར་བའི་མི་སྣའི་རྒྱས་འཕྲིན་གྱི་ཆེད་དེབ་དང་པོ་དེ་བཏོན་པ་དང་། དེབ་དེ་ཉིད་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་སྐྱེས་སུ་ཕུལ་ལ། ཚགས་པར་གྱི་ལོ་རྒྱུས་སུ་བོད་ཡིག་གསར་འགྱུར་གྱི་ཆེད་དེབ་མེད་པའི་སྟོང་ཆ་སྐོང་ཁུལ་བྱས་ཁར། ཕྱིས་ཀྱི་གསར་འགོད་པ་རྣམས་ལ་དཔྱད་གཞི་དང་མིག་ལྟོས་རེ་ཡང་ཡོང་རེ་བྱས། དེ་ནས་མུ་མཐུད་དེ《ས་མཐོའི་ཕུལ་བྱུང་མི་སྣ》དེབ་གཉིས་པ་དང་གསུམ་པ་ཡང་འཕྲོ་རིམ་འཕྲོར་པར་དུ་བཏབ་པ་ཡིན། ཕྱིས་རྒན་ཡོལ་ཞུས་རྗེས་དེབ་གསུམ་པ་ནས་འདོན་མཚམས་ཆད་མོད། ང་ཚོའི་ལས་རིགས་ཁག་ཏུ་ཕུལ་བྱུང་མི་སྣ་གང་མང་ཐོན་བཞིན་ཡོད་པས། ཆེད་ལས་གསར་འགོད་པ་དང་འཚར་ལོངས་ཡོང་དང་ཡོང་བཞིན་པའི་བོད་ཡིག་གསར་འགོད་པ་ཚོས་དེའི་རྒྱུན་མཐུད་རྒྱུའི་རེ་བ་ཆེན་པོ་འཆང་བཞིན་ཡོད།

    གསར་འགོད་པ། རྒན་ལགས་ཁྱེད་རྣམས་སྔོན་མ་གསར་འགྱུར་བཅར་འདྲི་གནང་བར་ཕེབས་སྐབས་དྲ་བ་དང་གློག་ཀླད་སོགས་མེད་པས། ད་ལྟ་དང་བསྡུར་ན་སྔོན་མའི་ཆ་རྐྱེན་གང་འདྲ་ཡོད་དམ།

    བསོད་ནམས། རེད། དེ་དུས་གསར་འགྱུར་རྩོམ་ཡིག་ཚང་མ་ལག་བྲིས་རྒྱག་དགོས། དཔེར་ན། དེ་རིང་ཞོ་སྟོན་ལ་བཅར་འདྲི་བྱེད་པར་ཕྱིན་པ་ཡིན་ན། བྱེད་སྒོ་མཇུག་འགྲིལ་མ་ཐག་གསར་འགྱུར་རྩོམ་ཡིག་བྲིས་ཚར་བ་བྱེད་དགོས། དེ་དུས་ཡིག་ཐོག་ནས་གསར་འགྱུར་འགོད་མཁན་གཙོ་བོ་ང་ཚོ་ཚགས་པར་ལས་ཁུངས་དང་རྒྱང་བསྒྲགས་ལས་ཁུངས་གཉིས་རེད། བྱེད་སྒོ་མཇུག་འགྲིལ་སྐབས་ང་ཚོ་གསར་འགྱུར་འགོད་མཁན་ལ་ཁ་ལག་ཟ་ཁོམ་ཡང་མེད། ང་ཚོ་འགྲན་རྩོད་ཤིག་ཤིག་ངང་རྩོམ་ཡིག་མགྱོགས་པོ་བྲིས་ཚར་བ་བྱེད་ཀྱི་རེད། རྩོམ་ཡིག་ལག་བྲིས་བརྒྱབ་ནས་ལམ་སེང་རྩོམ་སྒྲིག་ཁང་དུ་བསྐྱལ་ནས་སང་ཉིན་དེ་རང་ལ་འདོན་ཐུབ་པ་བྱེད་དགོས་རེད། དེ་དུས་ད་ལྟ་ནང་བཞིན་གློག་ཀླད་དུ་འཆར་འགོད་དང་རྩོམ་སྒྲིག་སོགས་བྱེད་ཐབས་མེད་པར། རྦད་དེ་ཞ་ཉེའི་ཡི་གེ་སྒྲིག་ནས་འདོན་དགོས་པས། རྩོམ་ཡིག་གི་སྤུས་ཚད་ལ་དང་དོད་ཆེན་པོ་བྱེད་དགོས། རྩོམ་ཡིག་ལག་བྲིས་བརྒྱབ་རྗེས་ཞུ་དག་བཏང་ནས་ཡིག་གཟུགས་ལེགས་པོས་གཙང་བཤུས་རྒྱག་དགོས། གང་ཡིན་ཟེར་ན། གཙང་མ་མེད་པ་དང་ཡིག་གཟུགས་ཟང་ཟིང་ཡིན་ན། ཡི་གེ་སྒྲུག་མཁན་གྱི་ཆུ་ཚད་མཐོ་དམའ་སྣ་ཚོགས་ཡོད་རྐྱེན། ལས་རྙོག་དང་ནོར་འཁྲུལ་ཤོར་བའི་ཉེན་ཁ་ཆེན་པོ་ཡོད།

    སྐབས་དེ་དུས་ད་ལྟ་དང་བསྡུར་ན་ཆ་རྐྱེན་དངོས་གནས་ཞན་པོ་རེད། རྦད་དེ་སྣག་ཤོག་ལ་བརྟེན་དགོས། ཡིན་ནའང་། མི་ཚང་མ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད། ཚང་མ་ཚ་ཚ་འུར་འུར་རེད།

    གསར་འགོད་པ། རྒན་ལགས་ཀྱིས་1985ལོ་ནས་2020ལོ་བར་ཚགས་པར་ལས་ཁུངས་སུ་དུས་ཡུན་ལོ་སུམ་ཅུ་ལྷག་ཙམ་ཕྱག་ལས་གནང་འདུག གོ་སྐབས་འདི་དང་བསྟུན་ནས་རྒན་ལགས་ནས་གསར་འགྱུར་ལས་ཀ་བྱེད་མཁན་གྱི་རྗེས་རབས་པ་ཚོར་ཉམས་མྱོང་ཅུང་ཟད་བཀའ་སློབ་གནང་རོགས།

    བསོད་ནམས། གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གཙོ་བོ་གསར་འགྱུར་རྩོམ་ཡིག་རིང་ཐུང་གང་འདྲ་ཞིག་ཡིན་ཡང་། ཡིན་གཅིག་སྤུས་དག་པོ་འབྲི་བར་གཞོལ་དགོས་པ་ལས། ཨ་ལ་པ་ལ་དང་ཁྲལ་འཁྱོལ་འཁྱོལ་རྩ་བ་ནས་བྱེད་མི་ཉན། ང་རང་གིས་བྲིས་པའི《ས་མཐོའི་ཕུལ་བྱུང་མི་སྣ》ཞེས་པའི་དེབ་ལ་མཚོན་ན། ང་རང་མི་ཚེ་གཅིག་གསར་འགྱུར་ལས་དོན་པ་ཞིག་བྱས་པའི་མི་ཚེའི་མཇུག་སྡོམ་ལྟ་བུ་ཞིག་ཡིན། དེབ་དེ་ཚོའི་ནང་གི་རྩོམ་ཡིག་དག་ཀྱང་བཅར་འདྲི་ཞུ་ཡུལ་གྱི་དྲུང་དུ་ཉུང་མཐར་ཐེངས་གྲངས་གཉིས་ཙམ་མ་ཕྱིན་པ་གཏན་ནས་མེད། རྩོམ་ཡིག་གང་བྲིས་རུང་གྲ་སྒྲིག་ཨང་གསར་བྱེད་དགོས་པ་སྨོས་མེད་ལ། རྩོམ་འགོ་གང་ནས་འཛུགས། བར་དུ་རྒྱས་བཤད་ཇི་ལྟར་བྱེད། མཐའ་མ་རྩོམ་མཇུག་ཇི་ལྟར་བསྡུ་མིན་ལ་བསམ་གཞིག་ནན་པོ་གཏོང་དགོས་པ་དང་། བྲིས་པའི་རྩོམ་ཡིག་ལ་ཞུ་དག་ཡང་སེ་གཏོང་དགོས། རང་གིས་རང་ལ་དམིགས་ཚད་དང་རེ་བ་བཏོན་པ་ཡིན་ན། གཞི་ནས་སྤྱི་ཚོགས་ཐོག་བག་ཆགས་ངེས་ཅན་ཡོད་པའི་རྩོམ་ཡིག་འབྲི་ཐུབ་སྙམ།

    གསར་འགོད་པ། མཚམས་འདི་ནས་རྒན་ལགས་ཁྱེད་ཀྱིས་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བར་སྨོན་ཚིག་ཅིག་སྒྲོན་རོགས་གནང་།

    བསོད་ནམས། ལགས་སོ། ཡིན་དང་ཡིན། རབ་ཏུ་བཞད་པའི་རྫོགས་ལྡན་དཔྱིད་ཀྱི་དུས་ཚིགས་ཤར་བ་དང་ལྷན་དུ་ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་དུས་བཟང་ཏག་ཏག་སྐབས་འཁེལ་བས། ངས་རང་ཉིད་དང་འདྲ་བའི་ས་མཐོའི་ཚགས་པར་བ་རྒན་གྲས་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག བོད་ལྗོངས་ཉིན་རེའི་ཚགས་པར་འདི་ཉིད་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཐོག་ཡག་བརྩེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་ཐུགས་རྗེ་ཆེ།

    གསར་འགོད་པ། རྒན་ལགས། ཐུགས་རྗེ་ཆེ། མ་གཞི་ཁྱེད་རང་རྒན་ཡོལ་ཞུས་ཟིན་ཡང་། ཁྱེད་ནས་མུ་མཐུད་དེ་ང་ཚོར་ལྟ་འདོད་ཅིང་ཉན་སྤྲོ་བའི་གསར་འགྱུར་རྩོམ་ཡིག་དང་རྩོམ་རིག་བརྩམས་ཆོས་གང་མང་མཁོ་འདོན་གནང་རོགས་ཞུ་རྒྱུ་ཡིན།

    བསོད་ནམས། ལགས་སོ། ཡིན་དང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།