ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་བྱ་ཐབས》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་ཕྱོགས་བསྡུས་གདེང་འཇོག་དཔྱད་ཞིབ་བྱ་ཐབས》བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།
བྱ་ཐབས་ནང་དམིགས་ཚད་དབྱེ་འབྱེད་དང་། བྱས་འབྲས་དཔྱད་བསྡུར་གཏན་འབེབས། ལག་བསྟར་གྱི་གོ་རིམ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་སོགས་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
དམིགས་ཚད་དབྱེ་འབྱེད་ཐད། བྱ་ཐབས་ནང་། དེ་སྔོན་གྱི་ནུས་རྒྱུ་ཟད་གྲོན་ཟུང་འཛིན་གྱི“གོང་ནས་འོག་བར”གྱི་ཐབས་རྣམ་ལ་བརྟེན་ནས་དམིགས་ཚད་དབྱེ་འབྱེད་མི་བྱེད་པར“གོང་འོག་ཟུང་འབྲེལ”གྱི་ཐབས་རྣམ་སྤྱད་པ་དང་། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་ལས་ཀའི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་པ་དང་དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་ཚད་ཞིབ་འཇུག་བྱས་ནས་འདོན་དགོས་པ་མ་ཟད། བྱ་སྤྱོད་ཀྱི་ཇུས་གཞིའང་བཟོས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་འབྲེལ་མཐུད་ཞིབ་མཆན་བཀོད་པ་བརྒྱུད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དཔྱད་ཞིབ་གཏན་འབེབས་བྱེད་པར་གོང་འབུལ་ཞུས་རྗེས་གདེང་འཇོག་དཔྱད་ཞིབ་ཀྱི་གཞི་འཛིན་སར་བརྩི་རྒྱུ་རེད།
བྱས་འབྲས་དཔྱད་བསྡུར་གཏན་འབེབས་ཐད། བྱ་ཐབས་ནང་། “རིན་ཐང་ལ་གཞིགས་ནས་སྐར་མ་རྒྱག་པའི”སྲོལ་རྒྱུན་གྱི་དཔྱད་བསྡུར་བྱེད་སྟངས་མ་སྤྱད་པར། དམིགས་ཚད་ཁག་ལོ་འཁོར་གྱི་དམིགས་ཚད་སྒྲུབ་མིན་ལ་གཞིགས་ཏེ། ཚད་ལོན་པ་དང་ཚད་མ་ལོན་པར་དཔྱད་བསྡུར་གཏན་འབེབས་བྱ་རྒྱུ་མ་ཟད། དམིགས་ཚད་ཁག་གི་ཚད་ལོན་གནས་ཚུལ་གཞིར་བཟུང་གདེང་འཇོག་དཔྱད་ཞིབ་བྱས་འབྲས་གཏན་འཁེལ་བྱ་རྒྱུ། ཚོད་འཛིན་དམིགས་ཚད་དང་འདེགས་སྐྱོར་དམིགས་ཚད་གཉིས་ཀ་ཚད་ལོན་པའི་ས་ཁུལ་ལ“ཕུལ་བྱུང”སྤྲོད་རྒྱུ་དང་། ཚོད་འཛིན་དམིགས་ཚད་1གམ་དེ་ཡན་ཚད་མ་ལོན་པའམ་ཡང་ན་འདེགས་སྐྱོར་དམིགས་ཚད་3མམ་དེ་ཡན་ཚད་མ་ལོན་པའི་ས་ཁུལ“ཚད་མ་ལོན་པར”གཏན་འཁེལ་བྱ་རྒྱུ། དེ་མིན་གཞན་དག“ཚད་ལོན་པར”གཏན་འཁེལ་བྱ་རྒྱུ་བཅས་རེད།
ལག་བསྟར་གོ་རིམ་ཐད། བྱ་ཐབས་ནང་གདེང་འཇོག་དཔྱད་ཞིབ་དེ་ལོ་འཁོར་གཞིར་བཟུང་བྱ་རྒྱུ་དང་། ས་གནས་རང་གི་དཔྱད་བསྡུར་དང་། སྡེ་ཚན་གྱི་གདེང་འཇོག ས་ཡུལ་དངོས་སུ་དཔྱད་བསྡུར་ར་སྤྲོད། ཕྱོགས་བསྡུས་དཔྱད་བསྡུར་གཏན་འཁེལ་སོགས་ཀྱི་ལས་ཀའི་གོ་རིམ་ཁ་གསལ་བཟོས་ཡོད། གདེང་འཇོག་དཔྱད་ཞིབ་བྱས་འབྲས་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྒྱུད་རིམ་བཞིན་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་ལ་ལན་སྤྲོད་རྒྱུ་ཡིན་པ་རེད།
ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ཐད། བྱ་ཐབས་ནང་། ཐཱན་འབུད་གཏོང་གི་བསྡོམས་རྩིས་དང་ཞིབ་རྩིས་ལམ་ལུགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་གྲངས་གཞི་གལ་ཆེན་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ལམ་ལུགས་བཟོས་ཏེ། ཐཱན་རྫས་དང་འབྲེལ་བའི་གྲངས་གཞི་སྣ་ཚོགས་བསྡུ་རུབ་དང་ལེགས་སྒྲིག་བྱེད་པ་དང་། གྲངས་གཞིའི་གོ་ཆོད་དུས་ཡུན་ཐག་གཅོད་ཧུར་ཐག་བྱས་ཏེ། ས་གནས་ཁག་གི་ལས་དོན་ཁྲོད་ཐོན་པའི་གནད་དོན་དང་ཧེ་བག་དུས་ཐོག་ཏུ་ཤེས་རྟོགས་དང་སྔོན་ཚུད་ནས་དྲན་སྐུལ་བྱས་ཏེ། གདེང་འཇོག་དཔྱད་ཞིབ་ཀྱི་ལྟ་སྐུལ་ཁྲིད་སྟོན་ནུས་པ་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན་ཡོད།
བྱ་ཐབས་ནང་། གདེང་འཇོག་དཔྱད་ཞིབ་བྱས་འབྲས་ལ་གཞིགས་ནས་འབྲེལ་ཡོད་ཞིང་ཆེན་རིམ་པའི་ས་ཁུལ་ལ་བསྐོང་འདྲི་དང་། བརྡ་ཁྱབ་བཏང་ནས་དྲན་སྐུལ་དང་བསྟོད་བསྔགས་བཅས་བྱ་རྒྱུ་རེད། དེའི་ནང་། གདེང་འཇོག་དཔྱད་ཞིབ་བྱས་འབྲས“ཚད་མ་ལོན་པའི”ཞིང་ཆེན་རིམ་པའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་དུས་བཀག་ནང་དག་ཐེར་དང་ལེགས་བཅོས་བྱེད་དགོས་པ་དང་། དུས་བཀག་ནང་དག་ཐེར་གནད་འཁེལ་བྱས་མེད་རིགས་གནས་ཚུལ་ལ་གཞིགས་ཏེ། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བསྐོང་འདྲི་བྱ་རྒྱུ་དང་། གདེང་འཇོག་དཔྱད་ཞིབ་བྱས་འབྲས“ཚད་ལོན་པ”ཡིན་ཡང་དམིགས་ཚད་ཁག་གཅིག་ཚད་ལོན་མེད་ན། འབྲེལ་ཡོད་དམིགས་ཚད་གདེང་འཇོག་དཔྱད་ཞིབ་འགན་འཁུར་སྡེ་ཚན་གྱིས་བརྡ་ཁྱབ་བཏང་ནས་དྲན་སྐུལ་བྱ་རྒྱུ། གདེང་འཇོག་དཔྱད་ཞིབ་བྱས་འབྲས“ཕུལ་བྱུང”ངམ་ཡང་ན་དམིགས་ཚད་རྐྱང་པ་གཟེངས་སུ་ཐོན་ཚེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྡ་ཁྱབ་བཏང་ནས་བསྟོད་བསྔགས་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུ་བཅས་རེད། གདེང་འཇོག་དཔྱད་ཞིབ་བྱས་འབྲས་དེ་ཞིང་ཆེན་རིམ་པའི་ས་ཁུལ་གྱི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། འདེམས་སྒྲུག་བསྐོ་གཞག ལྟ་སྐུལ་དོ་དམ་བཅས་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།