དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་10ཡིས་གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ལ་སྐུལ་འདེད་དང་དེའི་སྤྱོད་སྟངས་ཚད་ལྡན་དུ་བཏང་བ།

    དངོས་ཟོག་ཚོང་དོན་དང་སྐྱེལ་འདྲེན་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-25

    ཉེ་ཆར། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག 《གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ལ་སྐུལ་འདེད་དང་དེའི་སྤྱོད་སྟངས་ཚད་ལྡན་དུ་གཏོང་བའི་གཏན་འབེབས》ཡོངས་བསྒྲགས་བྱས་པ་དང་2026ལོའི་ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།

    གཏན་འབེབས་ནང་། གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ལ་སྐུལ་འདེད་དང་དེའི་སྤྱོད་སྟངས་ཚད་ལྡན་དུ་གཏོང་བའི་རྩ་དོན་དང་སྡེ་ཚན་གྱི་འགན་འཁྲི་སོགས་ཁ་གསལ་བཏོན་ཡོད་ཅིང་། གློག་རྡུལ་འཛིན་ཡིག་ཁྱབ་གདལ་དང་བཀོལ་སྤྱོད་ལ་སྐུལ་མ་བཏང་ནས་རིགས་དབྱེ་རིམ་དབྱེའི་ངང་གློག་རྡུལ་འཛིན་ཡིག་མ་ལག་ལ་དོ་དམ་བྱས་ཏེ་དངོས་ཟོག་ཚོང་དོན་དང་སྐྱེལ་འདྲེན་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རང་རང་སོ་སོའི་འགན་འཁྲི་གཞིར་བཟུང་། གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ལ་སྐུལ་འདེད་དང་དེའི་སྤྱོད་སྟངས་ཚད་ལྡན་དུ་བཏང་སྟེ་གློག་རྡུལ་འཛིན་ཡིག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

    གཏན་འབེབས་ནང་། གློག་རྡུལ་འཛིན་ཡིག་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁ་གསལ་བཏོན་ཡོད་ཅིང་། དངོས་ཟོག་ཉོ་ཚོང་དང་།  ཟོག་འགྲེམས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་སྒྲིག་གཞི་དང་ཁེ་ལས་ཀྱིས་ལས་སྒོ་གཉེར་སྐབས་གློག་རྡུལ་འཛིན་ཡིག་ཁས་ལེན་དང་སྤྱོད་པར་སྐུལ་མ་གཏོང་དགོས་ལུགས་བཏོན་པ་དང་། འབྲེལ་ཡོད་ཁེ་ལས་དང་། ཚན་ཞིབ་ལས་ཁུངས། ལས་རིགས་རྩ་འཛུགས། སྤྱི་པའི་ཞབས་ཞུའི་ལས་ཁུངས་བཅས་ཀྱིས་གློག་རྡུལ་འཛིན་ཡིག་ལག་རྩལ་གསར་གཏོད་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཉེན་ཁ་སྔོན་འགོག་སོགས་ཀྱི་ཐད་མཉམ་ལས་བྱེད་པར་སྐུལ་མ་གཏོང་དགོས་པ་ཁ་གསལ་བཏོན་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་། གློག་རྡུལ་འཛིན་ཡིག་ཁྱབ་ཁོངས་ཀྱི་ཚད་གཞི་བཟོ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་ཡོད། གློག་རྡུལ་འཛིན་ཡིག་མ་ལག་གཉེར་སྐྱོང་བྱེད་མཁན་དང་གློག་རྡུལ་འཛིན་ཡིག་མ་ལག་གི་འབྲེལ་ཡོད་ཞབས་ཞུར་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཀྱིས་གློག་རྡུལ་འཛིན་ཡིག་དང་འབྲེལ་བ་ཡོད་པའི་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་སྤྱད་དེ་གློག་རྡུལ་འཛིན་ཡིག་གི་ཆ་འཕྲིན་ཕན་ཚུན་ཁས་ལེན་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུར་ལྕག་སྐུལ་བྱེད་དགོས་ལུགས་བཏོན་ཡོད།

    གཏན་འབེབས་ནང་། གློག་རྡུལ་འཛིན་ཡིག་མ་ལག་གི་བློས་འགེལ་ཆོག་པའི་རང་བཞིན་དང་བདེ་འཇགས་རང་བཞིན་གྱི་བླང་བྱ་ཁ་གསལ་བཏོན་ཡོད་ཅིང་། བློས་འགེལ་ཆོག་པའི་གློག་རྡུལ་འཛིན་ཡིག་མ་ལག་གིས་མངོན་འགྱུར་བྱེད་དགོས་པའི་བྱེད་ནུས་གཏན་འབེབས་བྱས་ནས། གློག་རྡུལ་འཛིན་ཡིག་མ་ལག་གི་བློས་འགེལ་ཆོག་པའི་རྒྱུ་རྐྱེན་ལ་གདེང་འཇོག་བྱེད་དགོས་པ་ཁ་གསལ་བཏོན་པ་དང་། གློག་རྡུལ་འཛིན་ཡིག་མ་ལག་གཉེར་སྐྱོང་བྱེད་མཁན་གྱིས་ཁྲིམས་ལྟར་བཙུགས་པའི་ཁས་ལེན་དཔང་འདོན་ལས་ཁུངས་ལ་བློས་འགེལ་ཆོག་པའི་ཁས་ལེན་དཔང་འདོན་རེ་ཞུ་བྱེད་པར་ལྕག་སྐུལ་བྱེད་པ། གློག་རྡུལ་འཛིན་ཡིག་མ་ལག་གཉེར་སྐྱོང་བྱེད་མཁན་སོགས་བྱེད་པོས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།