ལི་ཀན་ཅེས་ཀན་སུའུ་དང་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།
ཟླ་4ཚེས་18ནས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེས་ཀན་སུའུ་དང་སི་ཁྲོན་དུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལི་ཀན་ཅེ་སྔ་རྗེས་སུ་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། ཁྲེང་ཏུའུ་གྲོང་ཁྱེར་བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་དགོན་སྡེར་ཕེབས་ཏེ་ཁྲིམས་ལྟར་དོ་དམ་ཚད་ལྡན་བྱས་ཚུལ་མཁྱེན་རྟོགས་གནང་ཞིང་། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དང་སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སུའོ་རུ་ཕེབས་ནས་དཔེ་སྦྱོང་མ་ལག་འཛུགས་སྐྱོང་དང་། དགེ་འདུན་པ་གསོ་སྐྱོང་། བོད་རིག་པའི་ཞིབ་འཇུག་ལས་དོན་བཅས་ལ་བརྟག་ཞིབ་གནང་བ་དང་། སློབ་གྲྭ་དང་འབྲོག་པའི་ཁྱིམ་དུ་ཕེབས་ནས་མི་རིགས་ཁག་གི་དགེ་སློབ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ལི་ཀན་ཅེས། ཐོག་མཐའ་བར་གསུམ་དུ་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་བཅས་བྱས་ནས། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣའི་སློབ་གསོ་གསོ་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་རིགས་མི་སྣར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཆོས་ལུགས་སློབ་གླིང་ཡག་པོ་གཉེར་བ་དང་། “བྱང་ཆུབ་པ་གཉིས”ཀྱི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་རིག་པའི་ཞིབ་འཇུག་སྒྲིག་གཞི་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ནས། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལ་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཕུགས་བསམ་དད་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་ཆོས་ལུགས་ལས་དོན་གྱི་གཞི་རིམ་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ལི་ཀན་ཅེས་ད་དུང་ལིན་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་གཅིག་སྡུད་གནས་སྤོས་བཀོད་སྒྲིག་གི་ཡུལ་མིར་གཟིགས་པ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་རྣམ་གྲངས་ལ་གཟིགས་ཞིབ་གནང་བ། བསྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ཚུལ་མཁྱེན་རྟོགས་གནང་བ་རེད། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་ཕེབས་ནས་སློབ་གསོ་སློབ་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ལི་ཀན་ཅེས། གནད་སྨིན་རོགས་སྐྱོར་མཐའ་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། ལྷག་པར་དུ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་དང་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རོགས་སྐྱོར་རྣམ་གྲངས་ལ་སེམས་ནུས་གཅིག་སྒྲིལ་གྱི་དོན་སྙིང་གལ་ཆེན་དེ་བས་མང་བ་ལྡན་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་གཉེར་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གསོ་སྦྱོང་མངོན་གསལ་དོད་དུ་གཏོང་བ། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།