དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཕེ་རུའི་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལས་ས་གནས་དེ་གའི་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པ།

    ​“ང་ཚོའི་འཚོ་བ་དེ་བས་སྐྱིད་དུ་ཕྱིན་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧྲི་ཡོན་ཧའོ། ཁྲེན་ཧའེ་ཆི།   |     སྤེལ་དུས།  2026-04-25

    འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཡིན་པ།

    ཨན་ཏི་སི་རི་རྒྱུད་ནས་བབས་པའི་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་སྨད་རྒྱུད་ནི་ཕེ་རུའི་རྒྱལ་ས་ལི་མའི་ཤར་རྒྱུད་དུ་གནས་པའི་ལུའུ་ལི་ཀན་ཆའོ་ཆའོ་ཤིས་ཁ་ཆུས་ཡིན་ཞིང་། ཉེ་ཆར་གསར་འགོད་པས་དེ་གར་བཅར་འདྲི་བྱེད་རིང་ཡངས་ཤིང་རྒྱ་ཆེ་བའི་ཆུ་ལམ་གྱི་གཞོགས་གཉིས་སུ་ཨར་འདམ་གྱི་ཆུ་རགས་གསར་པ་བརྒྱབ་ཡོད་པ་དང་། ད་དུང་ཆུ་ལམ་གྱི་མཐའ་འཁོར་དུ་སྤྱི་གླིང་དང་སྔོ་ལྗང་ཁུལ་བསྐྲུན་ཡོད་པ་མཐོང་བྱུང་། རྣམ་གྲངས་འདི་དངོས་སུ་ལེགས་གྲུབ་བྱུང་བ་དེས་ས་གནས་དེ་གའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཛུགས་སྐྱོང་ལས་དོན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་དང་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ཕྱིན་ནས་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། འཕེལ་རྒྱས་གཏོང་བའི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་སྨད་རྒྱུད་དུ་ཁྱིམ་ཚང་ཁྲི་3ལྷག་ཙམ་ཡོད་པ་དང་། 2017ལོར་ཨེར་ནི་ནོའི་སྣང་ཚུལ་ལས་བྱུང་བའི་ཆུ་ལོག་ཆེན་པོས་ས་གནས་དེ་གའི་གྲོང་མིར་འཇིགས་སུ་རུང་བའི་དྲན་ཤེས་ཤིག་བཞག་ཡོད་ཅེས་ལུའུ་ལི་ཀན་ཆའོ་ཆའོ་ཤིས་ཁ་ཆུས་ཀྱི་ཧྲེང་མཱ་ལི་ཡཱ་སྡེ་ཁུལ་གྱི་འགན་འཁུར་བ་ཅེ་ཁེ་ལིན·ཧྥུང་སའེ་ཁཱ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད། ཁོང་གིས། སྐབས་དེ་དུས་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཆུ་ལམ་བྱེ་མ་དང་རྡོ་ཡིས་འགག་པས། ཆུ་ལོག་ཡུན་རིང་མཚམས་ཆད་མེད། “རང་བྱུང་གནོད་འཚེ་དེ་ཐོན་རྗེས་ཕེ་རུར‘གེགས་རྗེས་བསྐྱར་སྐྲུན་དོ་དམ་ཅུས’བཙུགས་ཏེ་ཕྱོགས་ཡོངས་ནས་བསྐྱར་སྐྲུན་དང་སྒྱུར་བཅོས་བྱེད་པའི་འཆར་གཞི་ལག་ལེན་བསྟར་བར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།

    ཕེ་རུའི་གེགས་རྗེས་བསྐྱར་སྐྲུན་དོ་དམ་ཅུས་དེ་ཕྱིས་སུ་ཕེ་རུའི་རྒྱལ་ཁབ་རྨང་གཞིའི་སྒྲིག་བཀོད་དོ་དམ་ཅུས་སུ་བསྒྱུར་བ་དང་། ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་དེ་ཅུས་དེས་འགན་འཁུར་བཞིན་ཡོད། 2022ལོའི་ཟླ་5པར་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཀྲུང་གོ་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཚད་ཡོད་ཀུང་སིར(གཤམ་དུ“ཆུ་གློག་ཕྱི་ཕྱོགས”ཞེས་བསྡུ་རྒྱུ)རྣམ་གྲངས་དེ་སྐྲུན་པའི་འོས་ཐོབ་རག་པ་དང་འབྲེལ་འཛུགས་སྐྲུན་ཡང་བྱེད་འགོ་ཚུགས་པ་རེད། 2025ལོའི་ཟླ་9པར་བདེ་བླག་ངང་ལས་འཇུག་འགྲིལ་ཞིང་། རྣམ་གྲངས་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་10.6ཡོད་པ་དང་འཛུགས་སྐྲུན་བྱ་ཡུལ་གྱི་ཁོངས་སུ་གཙོ་བོ་ཆུ་ངོགས་སུ་འགོག་སྲུང་ར་སྐྱོར་བཟོ་བ་དང་། གཙང་པོ་སྒྲོལ་བྱེད་ཀྱི་ཝ་ཡུར་བཟོ་བ་དང་པེ་ལི་ཟམ་པ་སྐྲུན་པ། མཛེས་ལྗོངས་སྤྱི་གླིང་སྐྲུན་པ་སོགས་ཚུད་ཡོད་པ་རེད།

    ཉེ་ཆར་གསར་འགོད་པས་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཆུ་ལམ་ཧྲིལ་པོར་ཉམས་གསོ་བྱས་ནས་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་མཐོང་བྱུང་། ཞེང་ཚད་ལ་སྨི་15.6ཡོད་པའི་ཆུ་ལམ་གྱི་གཞོགས་གཉིས་སུ་མཐོ་ཚད་སྨི་4.5ཡོད་པའི་ཨར་འདམ་གྱི་ཆུ་རགས་བསྐྲུན་ཡོད་པས་འགོག་སྲུང་གི་ནུས་པ་ཐོན་བཞིན་འདུག ཧྥུང་སའེ་ཁཱ་ཡིས་རྣམ་གྲངས་དེ་སྐྲུན་རིང་ཆུ་ལམ་དུ་ཨར་འདམ་བཏིང་བ་དང་། ཆུ་ལམ་དུ་འདྲེད་ལམ་ལྟ་བུའི་ཇུས་འགོད་བྱས་ཡོད་པས། ཆུ་ལོག་གཤོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    “ང་ཚོས་ས་ཡུལ་དངོས་ལ་དངོས་ཞིབ་བྱེད་སྐབས་ཝ་དབྱི་ཁོ་ལུའོ་ལུའོ་གཙང་པོའི་ཆུ་ལམ་དུ་གད་སྙིགས་དང་འཚོ་བའི་སྙིགས་རོ་སྤུངས་ཡོད་པ་དང་བཙོག་ཆུ་གཙང་པོའི་རྒྱུད་དུ་གློད་ཀྱི་ཡོད་པས། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པ་ཤེས་རྟོགས་བྱུང”ཞེས་རྣམ་གྲངས་ཀྱི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཅིང་ལི་མཱ་ལུང·ལུའུ་ཏའོ་ཧྥུའུ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། རྣམ་གྲངས་སྐྲུན་པ་དང་བསྟུན་ཆུ་ལམ་གཙང་དུ་ཕྱིན་པ་དང་། ཆུ་ངོགས་སུ་བཙོག་ཆུ་གློད་པར་དོ་དམ་ནན་པོ་བྱས་པས་གཙང་ཆུ་དེ་བས་དྭངས་ཤིང་གཙང་དུ་ཕྱིན་ཡོད་ཅེས་བརྗོད།

    རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ཆུ་གློག་ཕྱི་ཕྱོགས་དང་ཕེ་རུའི་རྒྱལ་ཁབ་རྨང་གཞིའི་སྒྲིག་བཀོད་དོ་དམ་ཅུས་དང་དེ་བཞིན་ས་གནས་སྲིད་གཞུང་དབར་མཐུན་སྦྱོར་ཧུར་ཐག་བྱས་ནས། ཟླ་བ་གསུམ་ཁོ་ནར་པེ་ལེ་ཟམ་པ་གཉིས་ཀྱི་ཇུས་འགོད་དང་འཛུགས་སྐྲུན་གྱི་ལས་དོན་ལེགས་གྲུབ་བྱས་ཏེ་ཆུ་འགྲམ་གྱི་གྲོང་མིའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ས་གནས་དེ་གའི་གྲོང་མི་པར་ཐཱ་སཱ·ཁོའོ་ཕཱ་ཡིས“ཚང་མའི་ཕྱིར་སྐྱོད་ཐད་ཀྱི་དཀའ་གནད་ཐག་གཅོད་ཐུབ་ནས་ང་ཚོའི་འཚོ་བ་དེ་བས་སྐྱིད་དུ་ཕྱིན་སོང”ཞེས་བརྗོད།

    “རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ང་ཚོས་རིམ་རྩིས་བརྒྱབ་ན་ས་གནས་དེ་གར་ལས་ཞུགས་ཀྱི་ལས་གནས་4500ལྷག་ཙམ་བཏོད་པ་དང་སྡེ་ཁུལ་གྱི་གྲོང་མི་འབོར་ཆེན་ཞིག་ལས་གྲྭ་འཛུགས་སྐྲུན་ནང་བཅུག་པ་མ་ཟད། ང་ཚོས་ད་དུང་ཕེ་རུའི་འཛུགས་སྐྲུན་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་ཨར་ལས་མི་སྣར་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་ཏེ་ལས་བཟོའི་འཚར་ལོངས་དང་འཕེལ་རྒྱས་ཐད་རོགས་རམ་བྱས་ཡོད”ཅེས་རྣམ་གྲངས་ཨར་སྐྲུན་གྱི་འགན་འཁུར་བ་ལིའུ་ཧུང་མིན་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། ད་ཆ་ས་གནས་དེ་གའི་བཟོ་སྐྲུན་ཆེ་མོ་བ་མང་པོ་ཞིག་ཕེ་རུར་ཡོད་པའི་ཆུ་གློག་ཕྱི་ཕྱོགས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་ཅེས་བརྗོད།

    ཧྲེང་མཱ་ལི་ཡཱ་ནི་ས་གནས་དེ་གའི་སྐད་གྲགས་ཡོད་པའི་ཡུལ་སྐོར་སྤྲོ་གསེང་སྡེ་ཁུལ་ཞིག་ཏུ་གྱུར་ཡོད་ཅིང་། “སྡེ་ཁུལ་གྱི་ཁོར་ཡུག་དེ་བས་གཙང་ཞིང་གྲལ་འགྲིག་པ་དང་བདེ་འཇགས་ལྡན་པར་གྱུར་པ་མ་ཟད། འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡང་དེ་བས་ལེགས་སུ་ཕྱིན་ཡོད་པས། མ་འཇོག་བྱེད་མཁན་དེ་བས་མང་བའི་ཡིད་དབང་བཀུག་ནས་ས་གནས་དེ་གའི་གྲོང་མིར་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་གཏོད་ཐུབ་པ་དང་ཡོང་འབབ་བརྟན་པོ་ཡོང་ངེས་རེད”ཅེས་ཧྥུང་སའེ་ཁཱ་ཡིས་བརྗོད་པ་དང་། ཁོང་གིས“རྣམ་གྲངས་དེ་ཐོག་ནས་ཕན་ཚུན་བརྩི་འཇོག་དང་། གཟབ་ནན་དངོས་སྒྲུབ། སྤུས་ཚད་མཐོ་པོས་ཁ་ཆད་ལག་བསྟར་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་སྤྱིའི་མཉམ་ལས་བྱས་ནས་སྡེ་ཁུལ་ལ་དགེ་མཚན་ལྡན་ཞིང་ཡུན་རིང་གི་ཤུགས་རྐྱེན་བཟང་པོ་ཐོན་སྲིད་པ་མཚོན་གྱི་ཡོད། འབྱུང་འགྱུར་ཀྲུང་གོའི་ཁེ་ལས་དང་མུ་མཐུད་མཉམ་ལས་བྱས་ནས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་རྣམ་གྲངས་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།