དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ཟླའི་བཞུར་རྒྱུན་རིང་མོའི་ཁྲོད། སྨྱན་སྦྱོར་ལས་ལ་རྩེ་གཅིག་གཞོལ།

    —— བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་རྒན་ཡོལ་ཞུས་པའི་གསར་འགྱུར་ལས་དོན་པ་རྒན་རྣམ་རྒྱལ་སྒྲོལ་དཀར་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གསར་འགོད་པ། སྐལ་བཟང་མཆོག་སྐྱིད། བསོད་ནམས་དཔའ་མོ། བསྟན་འཛིན་གཡུ་སྒྲོན། ཉི་མ་བཀྲ་ཤིས།   |     སྤེལ་དུས།  2026-04-25

    འདི་ནི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཕྱག་ལས་གནང་བཞིན་པ།

    བགྲང་བྱ་བདུན་ཅུའི་ལམ་བུ་ལས། དུས་རབས་འཕོ་འགྱུར་གསལ་ལེར་མངོན། བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་དུས་བཟང་འདིར། སྔར་སོང་གི་ལོ་ཟླར་རྗེས་དྲན་དང་སྦྲགས་གཞོན་སྐྱེས་ཚོའི་ཕྱིས་འབྱུང་གི་གསར་འགྱུར་རྩོམ་སྒྱུར་ལས་ཀར་ཉམས་མྱོང་དང་བསླབ་བྱ་བཟང་པོ་ཐོབ་ཆེད། ངེད་བཅར་འདྲི་ཚོགས་ཆུང་གིས་ཆེད་མངགས་དེ་སྔ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགྱུར་ལས་དོན་ཐད་རིན་བྲལ་གྱི་ལང་ཚོ་ལེགས་སྐྱེས་སུ་འབུལ་མྱོང་བའི་གསར་འགྱུར་ལས་དོན་པ་རྒན་གྲས་རྒན་རྣམ་རྒྱལ་སྒྲོལ་དཀར་ལ་བཅར་འདྲི་ཞུས་པ་ཡིན།

    གསར་འགོད་པ། རྒན་ལགས། སྐུ་ཁམས་བཟང་།

    རྣམ་རྒྱལ་སྒྲོལ་དཀར། སྐུ་ཁམས་བཟང་།

    གསར་འགོད་པ། རྒན་ལགས་ནས་སྔོན་ལ་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

    རྣམ་རྒྱལ་སྒྲོལ་དཀར། ངའི་མིང་ལ་རྣམ་རྒྱལ་སྒྲོལ་དཀར་ཟེར་གྱི་ཡོད། 1981ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་མཐར་ཕྱིན་ཏེ། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་པུའུ་རུ་ལས་བགོས་བརྒྱབ་བྱུང་། དེ་ནས་ལོ་སུམ་ཅུ་མ་ཟིན་ཙམ་བོད་ཡིག་ཚགས་པར་གྱི་ལས་ཀ་བྱས་པ་ཡིན།

    གསར་འགོད་པ། རྒན་ལགས་དང་ཐོག་ཚགས་པར་ལས་ཁུངས་སུ་སླེབས་དུས་ནས་བོད་ཡིག་རྩོམ་སྒྲིག་པུའུ་རུ་ཕྱག་ལས་གནང་བ་ཡིན་ནམ།

    རྣམ་རྒྱལ་སྒྲོལ་དཀར། རེད། ང་རང་དང་ཐོག་ཚགས་པར་ལས་ཁུངས་སུ་སླེབས་པ་དང་བོད་ཡིག་རྩོམ་སྒྲིག་པུའུ་རུ་ལས་ཀ་བྱས་པ་ཡིན། སྐབས་དེ་དུས་ང་རང་བོད་ཡིག་རྩོམ་ཡིག་ལ་ཧ་ཅང་དགའ་པོ་ཡོད། བྱས་ཙང་ལས་བགོས་བརྒྱབ་མ་ཐག་བདུན་ཕྲག་རེར་ཐེངས་གཅིག་འདོན་པའི《སྨྱུག་གསར》པར་ངོས་ཀྱི་རྩོམ་སྒྲིག་པ་བྱས་པ་ཡིན། ལས་ཀ་འདིས་ཕྱིས་འབྱུང་ང་རང་གི་ཆེད་ལས་ཀྱི་ཆུ་ཚད་དང་ལས་ཀའི་བྱང་ཚད་མཐོ་རུ་འགྲོ་བར་ཕན་ཆེན་པོ་ཐོགས་བྱུང་།

    གསར་འགོད་པ། བྱས་ན་སྐབས་དེ་དུས་བོད་ཡིག་རྩོམ་སྒྲིག་པུའུ་རུ་ཕྱག་ལས་གནང་རིང་ཁྱེད་རང་ལ་བག་ཆགས་ཟབ་ཤོས་སམ་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་མིའམ་དོན་དག་འདྲ་ཡོད་དམ།

    རྣམ་རྒྱལ་སྒྲོལ་དཀར། 《སྨྱུག་གསར》པར་ངོས་ཀྱི་རྩོམ་སྒྲིག་པ་བྱེད་སྐབས་གཙོ་བོ་གཞི་རིམ་གྱི་འཕྲིན་སྤེལ་བ་དང་སློབ་གྲྭ་ཁག་གི་དགེ་རྒན་གྱིས་བསྐུར་ཡོང་བའི་རྩོམ་ཡིག་རྩོམ་སྒྲིག་བྱེད་དགོས་ཀྱི་ཡོད། དེ་དུས་འཕྲིན་སྤེལ་བ་སོ་སོའི་རིག་གནས་ཆུ་ཚད་དང་། བསམ་གཞིག་བྱེད་རྒྱ། རྩོམ་འབྲིའི་བྱང་ཚད་བཅས་མི་འདྲ་བར་བརྟེན་རྩོམ་སྒྲིག་གི་ལས་འབོར་ཆེན་པོ་ཡོད། དེ་ནས་བོད་ཡིག་རྩོམ་སྒྲིག་པུའུ་ཡི་འགན་འཁུར་བ་རྒན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ངས་བཟོ་བཅོས་བརྒྱབ་པའི་རྩོམ་ཡིག་དེ་དག་ལ་ཡང་བསྐྱར་ཞུས་དག་གནང་གི་རེད། སྐབས་དེ་དུས་རྩོམ་སྒྲིག་བྱེད་སྟངས་ཐད་རྒན་ལགས་ཀྱིས་དམར་ཁྲིད་ཀྱི་ལམ་ནས་བཀའ་སློབ་གནང་གི་ཡོད། ལྷག་པར་དུ་མཚམས་རེ་ངས་ཧོལ་རྒྱུག་ཤོར་ནས་ནོར་འཁྲུལ་ཆེན་པོ་ཐོན་སྐབས་རྒན་ལགས་ཀྱིས་སྐྱོན་བརྗོད་ནན་པོ་གནང་གི་རེད། དེས་ཕྱིས་འབྱུང་ངའི་ལས་སྒོའི་བྱང་ཚད་ལེགས་སུ་འགྲོ་བར་ཕན་ཆེན་པོ་ཐོགས་བྱུང་། དེའི་ཐད་ངའི་ངོས་ནས་བཤད་ན་རྒན་བཀྲ་ཤིས་དོན་གྲུབ་ལགས་ཁོང་ཧ་ཅང་བརྗེད་པར་དཀའ་བ་ཞིག་ཡིན། དེའི་རྗེས་སུ《སྨྱུག་གསར》པར་ངོས་རྩོམ་སྒྲིག་ནས་རིམ་བཞིན་གསར་འགྱུར་རྩོམ་སྒྲིག་ལས་ཀ་བྱེད་འགོ་ཚུགས་པ་རེད། དེ་དུས་བོད་ཡིག་གི་རྨང་གཞི་ཏོག་ཙམ་ཡོད་ནའང་པར་ངོས་སྒྲིག་སྟངས་དང་གསར་འགྱུར་རྩོམ་ཡིག་སོགས་ལ་རྒྱུས་མངའ་མེད་ཙང་། རྒྱ་རིགས་བློ་མཐུན་རྒན་གྲས་ཝང་ཁྲེང་ཧའོ་ཞུ་བ་ཞིག་ཡོད། ང་ཚོས་ནམ་རྒྱུན་ཁོང་ལ་ལའོ་ཝང་ཞེས་འབོད་ཀྱི་རེད། ཁོང་གིས་པར་ངོས་སྒྲིག་སྟངས་དང་དེ་བཞིན་གང་འདྲ་ཞིག་ལ་གསར་འགྱུར་དང་། རྒྱས་འཕྲིན། དཔྱད་གླེང་ཟེར་མིན་སོགས་ལ་བསླབ་ཁྲིད་ཧ་ཅང་མང་པོ་གནང་བྱུང་། ལྷག་པར་དུ་སྐབས་དེ་དུས་བོད་ཡིག་ཚགས་པར་སྒྲིག་སྐབས་རྒྱ་ཡིག་ཚགས་པར་དང་མི་འདྲ་བར་ཧ་ཅང་དཀའ་ལས་ཁག་པོ་ཡིན་ཙང་། རྒན་ལགས་ཀྱིས་སྐུ་ལས་མང་པོ་བསྐྱོན་ནས་རྒྱ་ཡིག་ཚགས་པར་ངེས་ཅན་ཞིག་ལ་ཁྲེ་ཙེས་འཇལ་ནས་ཡིག་འབྲུ་བརྩིས་ཏེ་བོད་ཡིག་ལ་བསྒྱུར་ནས་ཚགས་པར་ཐོག་འགོད་སྐབས་ཡིག་འབྲུ་ཅི་ཙམ་དང་ཞེང་ཚད་ཅི་འདྲ་བཟུང་མིན་ཞིབ་འཇུག་ཡང་ཡང་བྱས་ཏེ་བོད་ཡིག་པར་ངོས་སྒྲིག་སྟངས་ཚགས་ཚུད་པོ་བྱུང་བ་དེ་དག་ངང་རྒྱུད་རིང་པོས་བསླབ་ཁྲིད་གནང་བྱུང་། དེ་ཚོ་ཚང་མ་ང་རང་གསར་འགྱུར་ལས་ཀ་བྱེད་སྐབས་དངོས་གནས་ཧ་ཅང་བརྗེད་ཐབས་མེད་པ་ཞིག་རང་ཡིན།

    གསར་འགོད་པ། ལགས་སོ། རྒན་ལགས་ཀྱིས་གསུངས་པ་ནང་བཞིན་དེང་སང་ཡང་ང་ཚོ་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱིས་བརྒྱུད་རོགས་ཁྲིད་གསུམ་གྱི་སྲོལ་བཟང་རྒྱུན་འཛིན་ཧ་ཅང་ཡག་པོ་བྱས་དང་བྱེད་མུས་རེད། བྱས་ན་སྐབས་དེ་དུས་རྒན་ལགས་ངོས་ནས་དེའི་ཐད་ལ་དམིགས་བསལ་གྱི་ནུས་པ་གང་བཏོན་གནང་ཡོད་དམ།

    རྣམ་རྒྱལ་སྒྲོལ་དཀར། སྐབས་དེ་དུས《སྨྱུག་གསར》པར་ངོས་རྩོམ་སྒྲིག་བྱེད་སྐབས་ང་ཚོས་འཕྲིན་སྤེལ་བ་མང་པོ་གསོ་སྐྱོང་བྱས་པ་ཡིན། ཕྱིས་སུ་འཕྲིན་སྤེལ་བ་དེ་དག་ལས་ཁག་གཅིག་བོད་ཡིག་རྩོམ་སྒྲིག་པུའུ་ཡི་ཆེད་ལས་རྐང་འཛིན་པར་གྱུར་པའང་ཡོད། 《སྨྱུག་གསར》པར་ངོས་ཀྱིས་ཁོ་ཚོར་རྩོམ་ཡིག་རྩེ་གྲ་གང་མང་འདོན་རྒྱུར་བློ་བསྐྱེད་བྱུང་ཡོད་ལ། ལས་ཀ་དེར་འབད་བརྩོན་བྱས་པ་ལས་རང་ཉིད་ལའང་ཕན་ཐོགས་བྱུང་ཡོད་ཤག་རེད། བྱས་ཙང་ང་རང་གི་ངོས་ནས་དགའ་ཚོར་ཆེན་པོ་འདུག

    གསར་འགོད་པ། དེང་སང་འཕྲུལ་ཆས་ཡིག་སྒྱུར་གྱི་མཉེན་ཆས་མང་པོ་ཐོན་ཡོད། རྒན་ལགས་ཀྱིས་འཕྲུལ་ཆས་ཡིག་སྒྱུར་དང་སྲོལ་རྒྱུན་ཡིག་སྒྱུར་ལ་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།

    རྣམ་རྒྱལ་སྒྲོལ་དཀར། སྲོལ་རྒྱུན་ཡིག་སྒྱུར་དང་བསྡུར་ན་འཕྲུལ་ཆས་ཡིག་སྒྱུར་གྱི་མཉེན་ཆས་ཐོན་པ་དེ་ནི་བྱ་བ་བཟང་པོ་ཞིག་རེད་སྙམ་གྱི་འདུག གང་ཡིན་ཟེར་ན། འཕྲུལ་ཆས་ཡིག་སྒྱུར་གྱིས་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་ཐུབ་ཀྱི་ཡོད། དཔེར་ན། ཚིག་དུམ་རིང་པོ་སྒྱུར་དུས་ཡིག་འབྲུ་རེ་རེ་བཞིན་ཕབ་མི་དགོས་པར་མཐེབ་བཀྱག་མནན་ཐེངས་གཅིག་ལ་ལམ་སེང་དོན་ཡོང་གི་རེད། བྱས་ཙང་ལས་ཕྱོད་ཆེ་རུ་འགྲོ་བར་དངོས་གནས་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང་མཉེན་ཆས་དེ་དག་ཡག་པོ་ག་ཚོད་ཡོད་རུང་ཡིག་སྒྱུར་བྱེད་པར་མཐར་གཏུགས་ནས་བཤད་ན་ལོ་ཙཱ་བ་རང་ཉིད་ཀྱི་ནུས་པ་འདོན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། སྲིད་དོན་གསར་འགྱུར་ལྟ་བུ་འཕྲུལ་སྒྱུར་ཡག་པོ་བྱེད་ཐུབ་པར་ཆ་བཞག་ནའང་། རྒྱས་འཕྲིན་ལྟ་བུ་འཕྲུལ་སྒྱུར་བྱེད་སྐབས་མ་རྩོམ་གྱི་བརྗོད་བྱའི་ནང་དོན་གཏིང་ཟབ་པ་དང་། བརྗོད་བྱེད་ཚིག་སྦྱོར་སྙན་འཇེབས་ལྡན་པ། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་སོགས་གང་ལ་གང་འཚམ་སྒྱུར་དཀའ་སྙམ་པས་མཐར་གཏུགས་ལོ་ཙཱ་བའི་སོར་རྩེར་བརྟེན་དགོས། དེར་བརྟེན་རྩོམ་སྒྱུར་བྱེད་པར་ནུས་པ་གཙོ་བོ་ཐོན་མཁན་ལོ་ཙཱ་བ་རང་རེད་བསམ་གྱི་འདུག

    གསར་འགོད་པ། རྩོམ་སྒྲིག་པ་དང་ལོ་ཙཱ་བ་ཡག་པོ་ཞིག་ཆགས་དགོས་ན་གཙོ་བ་གང་གི་ཐད་ལ་ཤུགས་རྒྱག་དགོས་སམ།

    རྣམ་རྒྱལ་སྒྲོལ་དཀར། སྔོན་མ་རྒན་རབས་ཚོས་རྟག་པར་ང་ཚོར་ལོ་ཙཱ་བ་ཚད་ལྡན་ཞིག་བྱེད་དགོས་ན“ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད”དགོས་ཞེས་གསུངས་ཀྱི་ཡོད། བཀའ་མོལ་དེ་དངོས་གནས་གསོན་ཉམས་དོད་པ་དང་གནད་ལ་འཕིགས་པ་ཞིག་རེད། དེའི་ནང་ཨམ་ཐང་གཉིས་དེ་རྒྱ་ཡིག་དང་བོད་ཡིག་ལ་ཟེར་གྱི་ཡོད། དེ་གཉིས་ནི་ཡིག་སྒྱུར་གྱི་རྨང་གཞི་ཡིན། དེ་ནས་གསར་འགྱུར་ཡིག་སྒྱུར་བ་ཞིག་གི་ངོས་ནས་ཉིན་ལྟར་གནས་ཚུལ་གསར་པ་འཕྲད་དུས་བསྒྱུར་བྱའི་ནང་དོན་ཧ་ཅང་ཁྱབ་རྒྱ་ཆེན་པོ་རེད། བྱས་ཙང་རྒྱལ་ཕྱི་རྒྱལ་ནང་གི་གནས་ཚུལ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་སྲིད་ཇུས་དང་། དམངས་སྲོལ། ཚན་རྩལ་ལ་སོགས་པའི་རྒྱུན་ཤེས་ངེས་ཅན་ཞིག་མེད་ན་ཡིག་སྒྱུར་བྱེད་སྐབས་བཞད་གད་ཀྱི་གནས་མང་པོ་ཐོན་གྱི་ཡོད། དེར་བརྟེན་མདོར་བསྡུས་ནས་བཤད་ན་གསར་འགྱུར་ཡིག་སྒྱུར་བྱེད་པར་ཆེད་ལས་གཞན་དང་མི་འདྲ་བར་ཤེས་རྒྱ་ཆེན་པོ་དགོས།

    གསར་འགོད་པ། རྒན་ལགས་ཁྱེད་རང་གིས་ཀློག་པ་པོ་མང་པོས་དགའ་པོ་བྱེད་པའི་རྒྱ་ཡིག་གི་སྒྲུང་དེབ《གསོན་པོར་འཚོ་དུས》ཞེས་པ་སོགས་འགྱུར་མ་ཁག་གཅིག་བཏོན་གནང་ཡོད། དེ་དག་བསྒྱུར་བའི་བརྒྱུད་རིམ་ནང་དཀའ་ངལ་ཆེ་ཤོས་གང་ཞིག་འཕྲད་ཡོད་དམ། དེའི་སྐོར་ཞིག་གསུངས་རོགས།

    རྣམ་རྒྱལ་སྒྲོལ་དཀར། ངའི་ངོས་ནས་དཀའ་ངལ་ཆེ་ཤོས་དེ་རང་ཉིད་ཀྱི་ཤེས་ཚད་མ་འདང་བ་དེ་རེད་འདུག བྱས་ཙང་ལས་ཀ་བྱེད་པའི་བརྒྱུད་རིམ་ནང་མུ་མཐུད་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ང་རང་རྦད་དེ་གསར་འགྱུར་རྩོམ་སྒྱུར་བྱས་ནས་བསྡད་ཙང《གསོན་པོར་འཚོ་དུས》སྒྱུར་སྐབས་དེའི་ནང་གི་མི་སྣའི་སེམས་ཁམས་དང་། ཡུལ་ལྗོངས། སྐད་ཆ་ཤོད་སྟངས་སོགས་མཚོན་སྐབས་མ་འདང་བའི་ཆ་མང་པོ་འདུག དེར་བརྟེན་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་སྣང་བ་ཡོང་གི་འདུག

    གསར་འགོད་པ། མཇུག་ཏུ་རྒན་ལགས་ནས་ང་ཚོ་ཚགས་པར་དང་སྨྱན་སྦྱོར་གྱི་ལས་ཀ་བྱེད་མཁན་ལོ་ཙཱ་བ་དང་རྩོམ་སྒྲིག་པ་ན་གཞོན་ཚོར་བསླབ་བྱ་གང་ཞིག་གནང་རྒྱུ་ཡོད་དམ།

    རྣམ་རྒྱལ་སྒྲོལ་དཀར། གཞོན་སྐྱེས་ཚོར་སློབ་གསོ་རྒྱག་རྒྱུ་སྤྲོས་བྲལ་རེད། ཡིན་ནའང་ལོ་མང་གསར་འགྱུར་ལས་ཀ་བྱས་པའི་ཉམས་མྱོང་ཕྲན་བུ་ཞུ་རྒྱུ་ཞིག་ལ། དང་ཐོག་སོ་སོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་གལ་ཆེ་ཤོས་རེད། བྱང་ཚད་མཐོ་རུ་གཏོང་བར་སློབ་སྦྱོང་བྱ་རྒྱུ་ལས་ཐབས་ཤེས་གཞན་དག་མེད། གསར་འགྱུར་གྱི་ནང་དོན་ཁྱབ་རྒྱ་ཆེ་བས་ནམ་ཞག་རྒྱུན་དུ་གང་ཅིའི་ཐད་ལ་ཧོལ་རྒྱུག་མེད་པར་སློབ་སྦྱོང་བྱེད་པའི་ཞོར་ལ་དོ་སྣང་བྱེད་དགོས། གཞན་ཡང་དཔེ་དེབ་ལྟ་ཀློག་བྱ་རྒྱུ་དེ་གཙོ་བོ་རེད། སོ་སོའི་ཆེད་ལས་གཙོ་བོར་འཛིན་པའི་རྨང་གཞིའི་ཐོག་རིན་ཐང་ཆེ་བའི་དཔེ་དེབ་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་ཞར་དང་ཞོར་ལ་དུས་ཚོད་དམ་འཛིན་གྱིས་དཔེ་དེབ་ལྟ་དགོས། ང་ཚོ་རྒན་ཡོལ་ཞུས་ཀྱང་ཁོམ་པ་ཡོད་རིམ་བཞིན་དཔེ་དེབ་ལྟ་གི་ཡོད། དཔེ་དེབ་ལྟ་རྒྱུ་ཡོད་པ་དེ་ནི་བདེ་སྐྱིད་ཅིག་རེད་སྙམ་གྱི་འདུག དེ་ནས་ལས་ཀ་བྱེད་སྐབས་འགན་འཁྲིའི་བསམ་པ་ཞིག་ངེས་པར་དུ་དགོས། དེ་འདྲ་བྱུང་ན་རང་འཁྲིའི་ལས་ལ་སེམས་ནུས་ཡོད་རྒུ་འདོན་ཐུབ་ཀྱི་རེད།

    གསར་འགོད་པ། ཐུགས་རྗེ་ཆེ། རྒན་ལགས་ཀྱིས་གོང་དུ་གསུངས་པ་ཚང་མ་ང་ཚོའི་ངོས་ནས་སློབ་སྦྱོང་ཞུ་དགོས་པ་རྐྱང་རྐྱང་རེད་འདུག ང་ཚོས་ཀྱང་རྒན་ལགས་ཁྱེད་རྣམ་པའི་སྙིང་སྟོབས་ལ་མུ་མཐུད་སློབ་སྦྱོང་ཞུས་ནས་རང་འཁྲིའི་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན། མཇུག་ཏུ་རྒན་ལགས་ཁྱེད་ནས་ད་ཐེངས་ཀྱི་ལོ་ངོ་70འཁོར་བའི་རྟེན་འབྲེལ་ལ་སྨོན་ཚིག་ཅིག་གསུངས་རོགས་གནང་།

    རྣམ་རྒྱལ་སྒྲོལ་དཀར། བོད་ལྗོངས་ཉིན་རེའི་ཚགས་པར་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་སོང་བའི་དུས་སྟོན་བཟང་པོ་འདིར། ངས་སྔོན་མ་བོད་ཡིག་ཚགས་པར་གྱི་ལས་ཀ་གནང་མྱོང་མཁན་ལས་རོགས་ཡོངས་ལ་དུས་སྟོན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་། ཐུགས་སེམས་སྤྲོ་པོ། བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།