ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས།
གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་ཞིབ་སློབ་དང་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་བྱས་པ།
ཉེ་ཆར། ལྷུན་གྲུབ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་བྱིས་པའི་སེམས་སུ་ཟུག རིག་གནས་རྒྱུན་འཛིན་ས་བོན་སེམས་ཀྱི་ཞིང་སར་བཏབ”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། གཙོ་གཉེར་ཕྱོགས་ཀྱིས་གཞོན་ནུ་ལོ་ཆུང་50ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་ཞིབ་སློབ་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་སྒོར་ཞུགས་སུ་བཅུག་པ་རེད།
བྱེད་སྒོར་ཕྲུ་གུ་ཚོ་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁུལ་སྟག་མགོ་ཆུ་མཛོད་དུ་བསྐྱོད་ནས་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་གོམས་གཤིས་ལ་ལྟ་ཞིབ་བྱས་པ་མ་ཟད། ད་དུང་འཚོ་གནས་ཁུལ་གྱི་མཐའ་འཁོར་གྱི་གད་སྙིགས་གཙང་སེལ་བྱས་ཏེ་ལག་ལེན་ཁྲོད་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད། རིག་གནས་ཉམས་ལེན་གྱི་ལྷུ་ཚིགས་སུ་སེ་འབྲུའི་མེ་ཏོག་བཞད་པའི་སྒྱུ་རྩལ་གསོ་སྦྱོང་སློབ་གྲྭའི་སློབ་མས《དབྱར་སྐྱིད་ཁྲ་མོ》ཞེས་པའི་ཞབས་བྲོ་འཁྲབ་པ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དཔལ་འབྱོར་དང་མཁས་དབང་བསོད་ནམས་ཆོས་དར་གྱིས་ཕྲུ་གུ་ཚོར་དམངས་སྲོལ་རིག་གནས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་པ་མ་ཟད། ཚང་མའི་སྣེ་ཁྲིད་དེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་སྲོལ་རྒྱུན་གྱི་ཞོ་དཀྲོག་ནས་མར་འདོན་སྟངས་དང་ཚགས་ཤ་བཙོ་སྟངས་ཀྱི་བརྒྱུད་རིམ་ཉམས་ལེན་ཡང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།