ཞིང་སྒྲོལ་མཉམ་འགུལ། གནད་སྨིན་ལས་སྤྲོད།
—— 2026ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཁྲེང་ཏུའི་ཆེད་དོན་བྱེད་སྒོའི་ཟུར་བྲིས།
ཟླ་4ཚེས་21ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་མཁའ་འགྲུལ་ལྟེ་གནས་ཀྱི་སློབ་ཁུལ་དུ་2026ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་མཉམ་འབྲེལ་གྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་དཔྱིད་དུས་ཁྲེན་ཏུའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ཐེམ་ཁུངས་བོད་ནས་ཡིན་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལྷ་མོ་དབྱངས་ཅན་གྱིས་ལག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་འཁྱེར་ནས་ཁེ་ལས་ཁག་གི་འགྲེམས་གནས་སུ་སྐད་ཆ་གསལ་པོ་དྲིས་ཏེ་ལས་གནས་ནན་ཏན་ངང་འདེམས་བཞིན་ཡོད་པ་རེད།
བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་མི་སྤྱི་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ནང་ཚན་པ་72ཀྱིས་སློབ་གྲྭའི་ནང་ལས་མི་བསྡུ་བར་ཡོང་རྒྱུ་སྒྲིག་འཛུགས་བྱས་པ་དང་ལས་གནས་ཡག་པོ་ཁག་1000ལྷག་ཙམ་བཀོད་སྒྲིག་བྱས་པས་ཆེད་ལས་མི་འདྲ་བའི་སློབ་ཐོན་སློབ་མའི་ལས་ཀ་འཚོལ་བའི་དགོས་མཁོ་གང་ལེགས་བསྐངས་ཡོད།
“ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་ལས་གནས་རིགས་མང་པོ་འདུག ངས་ཁེ་ལས་3ལ་ལོ་རྒྱུས་མདོར་བསྡུས་སྤྲད་པ་མ་ཟད། གླ་ཕོགས་ཐོབ་ཐང་དང་ལས་རིགས་འཕེལ་ཕྱོགས་ཀྱི་ཐབས་ལམ་ཡང་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན། བསྡུར་བ་མང་ཙམ་བྱས་ཏེ་ཆེད་ལས་དང་འཚམ་པའི་ལས་གནས་ཤིག་རག་ཐབས་བྱེད་ཀྱི་ཡོད” ཅེས་ལས་གནས་མང་པོར་ཤེས་རྟོགས་དང་ལས་འཚོལ་འདོད་བློ་བཤད་ཟིན་པའི་ལྷ་མོ་དབྱངས་ཅན་གྱིས་དེ་ལྟར་བརྗོད། སྐད་ཆ་དེ་ལས་ཁོང་གིས་ལས་ཞུགས་ལ་རེ་བ་ཆེན་པོ་བཅངས་པ་མངོན།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་སྟངས་ཐད“ལས་གནས་མཁོ་འདོན་དང་། སྲིད་ཇུས་སྒྲོག་འགྲེལ། གྲངས་འཛིན་ནུས་སྤྲོས”བཅས་ཀྱི་མཉམ་འབྲེལ་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས་ལས་འཚོལ་དེ་བས་ནུས་ཆེ་དང་སྟབས་བདེ་ཡོང་བ་བྱས་ཡོད། ལས་མི་བསྡུ་ས་ཚང་མར་ལས་གནས་ཀྱི་ཕྱོགས་བསྡུས་རྩ་གཉིས་བཤེར་རྟགས་སྦྱར་ཡོད་པས། སློབ་ཐོན་སློབ་མས་དེ་བཤེར་ཚེ་ལས་གནས་ཚང་མའི་ཆ་འཕྲིན་གང་མགྱོགས་ཞིབ་ཕྲ་ལྟ་ཐུབ་ནས་སྐད་ཆ་རེ་རེ་བཞིན་འདྲི་དགོས་ཀྱི་མེད། དེ་དང་དུས་མཚུངས། ལས་མི་བསྡུ་བའི་འདུ་ཚོགས་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ཡོད་པ་སྟེ། བོད་ཀྱི་གྲངས་འཛིན་ལས་མི་བསྡུ་བའི་ལས་སྟེགས་དང་སི་ཁྲོན་གྱི“སི་ཁྲོན་eལས་ཞུགས”སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་འབྲེལ་མཐུད་ཐུབ་སྟེ་ས་ཡུལ་དངོས་སུ་སླེབས་མེད་པའི་སློབ་ཐོན་སློབ་མས་དྲ་ཐོག་ནས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་བསྐུར་ཆོག་པས། ལས་འཚོལ་ཞབས་ཞུ་ཉིན་གང་བསྒྲུབས་པ་དང་ཁུག་ཆ་མི་ལུས་པ་མངོན་འགྱུར་བྱུང་སྟེ་ལས་ཞུགས་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་ཡོད།
ལས་གནས་སྒོ་རྩར་བསྐྱལ་བ་མ་ཚད་ད་དུང་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་ནས་མི་སེམས་དྲོ་བར་བྱས། ལས་མི་བསྡུ་བའི་འདུ་ཚོགས་ཐོག་ད་དུང་སྲིད་ཇུས་སྒྲོག་འགྲེལ་ཡང་བྱས་ཡོད། བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧྥུའུ་ཤན་ཁྲེང་གིས་ས་ཡུལ་དངོས་སུ་ལས་ཞུགས་ཀྱི་དུས་བབ་འཆད་འགྲེལ་བྱས་ནས་བོད་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས་པ་དང་། སློབ་ཐོན་སློབ་མས་སི་ཁྲོན་དུ་བསྡད་ནས་བྱ་གཞག་གཏོད་པའམ་ཡང་ན་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་པ་གང་ཞིག་གདམ་ག་བྱས་ཀྱང་སྲིད་ཇུས་ཀྱི་གདེང་ཤུགས་གསལ་པོ་ཤེས་པ་དང་ལས་འཚོལ་གྱི་སེམས་ཁྲལ་མེད་པ་བཟོས་ཡོད། ས་ཡུལ་དངོས་སུ་ད་དུང་ལས་ཞུགས་བློ་འདྲིའི་ཞབས་ཞུ་ས་ཚིགས་བཙུགས་ནས་སློབ་ཐོན་སློབ་མར་ལས་རིགས་འཆར་འགོད་དང་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ལ་བཟོ་བཅོས་རྒྱག་སྟངས་སོགས་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་ཏེ། གཞོན་ནུ་ཚོ་ལས་ཞུགས་ཐུབ་པར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།