བྱང་ཐང་སྡེ་ཁུལ་གྱིས་ཁོང་ཚོར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གཉིས་པ་བསྐྲུན་པ།
—— གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་གིས་རྒན་གཅིག་གཞོན་གཅིག་གི་དྲོ་སྐྱིད་ལྡན་པའི་ཁྱིམ་ཆུང་བསྐྲུན་པའི་མཐོང་ཐོས།
ཟླ་4པའི་ནག་ཆུར་སྔར་བཞིན་གྲང་ཟུག་ཆེ་མོད། འོན་ཀྱང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་ཁྲོམ་གཞུང་གླིང་སྐོར་སྡེ་ཁུལ་དུ་ཉེ་ཆར་སྤྱོད་འགོ་ཚུགས་པའི“དྲོ་སྐྱིད་ཅ་ཤིང་ཁྱིམ”ཞེས་པའི་རྒན་གཅིག་གཞོན་གཅིག་གི་རྣམ་པ་གསར་པའི་སྤྱི་པའི་ཞབས་ཞུ་སྒྲུབ་ཡུལ་ནས་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་མངོན་འོང་།
ལོ་62ལ་སླེབས་པའི་བགྲེས་སོང་ཆོས་མཚོས་སོས་དལ་བག་ཕེབས་ངང་གློག་སྒུལ་འཕུར་མཉེད་རྐུབ་སྟེགས་ཤིག་གི་སྟེང་ཉལ་ནས་སྐྱིད་སྣང་དོད་པོས་མཇིང་པ་དང་སྟོད་སྒལ་འཕུར་མཉེད་ལ་རོལ་བཞིན་མཆིས། སྔོན་མ་ཕྲུ་གུ་20ལྷག་ཙམ་གསོ་མྱོང་བའི་བགྲེས་སོང་ཁོང་གིས་མི་ཚེ་ཧྲིལ་པོ་གསོས་ཕྲུག་སྐྱོང་བར་གཞོལ་ནས་སྒེར་སེམས་མེད་པའི་བརྩེ་བ་ཆེན་པོ་མཚོན་པར་བྱས་ཡོད། ད་ཆ་སྡེ་ཁུལ་གྱི་སེམས་རྩ་འཁོལ་བའི་ཞབས་ཞུ་དེ་ཁོང་གི་ཚེ་མཇུག་གི་བརྟེན་ས་ཡག་ཤོས་སུ་གྱུར་ཡོད།
“དྲོ་སྐྱིད་ཅ་ཤིང་ཁྱིམ”ཞེས་པའི་ཞབས་ཞུ་སྒྲུབ་སར་སྐྱོད་སྐབས། ནུས་པ་ཆ་ཚང་བའི་སྡེ་ཁུལ་གྱི་འཚོ་བའི་ཕྱོགས་བསྡུས་ཁང་ཞིག་ཏུ་སླེབས་པ་དང་གཉིས་སུ་མ་མཆིས་ཤིང་། རོལ་རྩེད་ཁང་དུ་རྒན་རྒོན་ཚོས་མིག་མངས་རྒྱག་ཞོར་ཁ་བརྡ་གློད་པ་དང་། སྒྲོམ་སྟེགས་སྤོ་ལོ་རྒྱག་སར་གཞོན་ནུ་ཚོས་རྩལ་འགྲན་པ། དཔེ་མཛོད་ཁང་དུ་ཕྲུ་གུ་ཚོས་དཔེ་དེབ་ལྟ་ཀློག་བྱེད་པ། སྒོ་རྩིས་ཚོང་ཁང་དུ་འཚོ་བའི་མཁོ་ཆས་གང་དགོས་ཚང་མ་འཛོམས་པ། དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་སྦྱོང་བརྡར་ཁུལ་དུ་ཆེད་ལས་སྒྲིག་ཆས་གྲལ་སྟར་སྒྲིག་པོས་བསྒྲིགས་ཡོད་པ། ཟ་ཁང་ནས་ཁ་ལག་གི་དྲི་ཞིམ་དང་ཇ་ཁང་ནས་ཇ་བསྲུབས་མའི་དྲི་ཞིམ་འཐུལ་འོང་བ་ལ་སོགས་གང་དགའ་སྐྱིད་སྐྱིད་ལ་རོལ་ཆོག
རྒན་གཞོན་ཡོངས་ལ་ལྷད་མེད་བརྩེ་བ་འཆང་། བྱ་སྤྱོད་རེ་རེས་ཐོག་མའི་བསམ་འདུན་མངོན། ནག་ཆུ་ཁྲོམ་གཞུང་གི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་མཚོ་མོས། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དམངས་འཚོའི་ཞན་ཆ་སེལ་ཆེད། ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས“དྲོ་སྐྱིད་ཅ་ཤིང་ཁྱིམ”ཞེས་པའི་རྒན་གཅིག་གཞོན་གཅིག་གི་རྣམ་པ་གསར་པའི་སྤྱི་པའི་ཞབས་ཞུ་སྒྲུབ་ས་ནུས་ཤུགས་ཡོད་རྒུས་བཏོད་དེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་སྡེ་ཁུལ་གྱི་གྲོང་མིའི་རྒྱུན་གཏན་གྱི་སྤྲོ་གསེང་དང་། དམངས་ཕན་ཞབས་ཞུ། བསམ་པའི་རིག་གནས་སོགས་དགོས་མཁོ་སྣ་ཚོགས་དེ་བས་ལེགས་པར་བསྐངས་ཡོད་ཅེས་ངོ་སྤྲོད་བྱས།
“གཅིག་འཐུས་རྣམ་པའི”ཞབས་ཞུས་དམངས་འཚོའི་འཐབ་ས་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤོས་ནས་མང་ཚོགས་ཀྱི་ཡིད་ལ་འཐད་པའི་བྱ་བ་བཟང་པོ་བསྒྲུབས་ཡོད། ས་བབ་སྨི་4500ཟིན་པའི་ས་མཐོའི་གྲོང་ཁྱེར་དེར་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ཁ་ཐང་བ་ནི་ཡུལ་དེ་གའི་མང་ཚོགས་ལ་འཕྲད་པའི་དངོས་ཡོད་དཀའ་གནད་ཅིག་རེད། ཡིན་ནའང“དྲོ་སྐྱིད་ཅ་ཤིང”སྤྱོད་འགོ་ཚུགས་པ་དེ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང་སྤྱི་པའི་ཞབས་ཞུ་གཤམ་སྤེལ་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། “དྲོ་སྐྱིད་ཅ་ཤིང་ཁྱིམ”ནི་ཀྲེ་ཅང་ཅ་ཤིང་གི་བོད་སྐྱོར་སྟོབས་ཤུགས་དང་གསེར་རྙེད་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་བཏོད་པའི་སྤྱི་པའི་ཞབས་ཞུའི་སྤུས་རྟགས་ཤིག་རེད། མིག་སྔའི་བར། གསེར་རྙེད་ཆུས་ཀྱིས“དྲོ་སྐྱིད་ཅ་ཤིང་ཁྱིམ་གྱི་གསེར་རྙེད་གྲོང་ཁྱེར་གྱི་དཔེ་ཁང”ལྟེ་བར་བྱས་ཤིང་། ཤང་དང་གྲོང་རྡལ་ཁག་དང་ཁྲོམ་གཞུང་ཁག་ལ་ཁྱབ་པའི“དྲོ་སྐྱིད་ཅ་ཤིང་ཁྱིམ”གྱི་རིག་གནས་བར་མཐོངས་བཏོད་ཡོད། ད་ཐེངས་ནག་ཆུ་ཁྲོམ་གཞུང་གླིང་སྐོར་སྡེ་ཁུལ་གྱི“དྲོ་སྐྱིད་ཅ་ཤིང་ཁྱིམ”གྱི་རྒན་གཅིག་གཞོན་གཅིག་གི་སྤྱི་པའི་ཞབས་ཞུའི་བར་མཐོངས་གསར་པ་སྤྱོད་འགོ་ཚུགས་པ་དེས“དྲོ་སྐྱིད་ཅ་ཤིང”ལ་ཞབས་ཞུའི་ནང་དོན་གསར་པ་ཞིག་བསྣན་ཡོད་པ་རེད།
རྒན་གཅིག་གཞོན་གཅིག་གི་ཁྱིམ་གཉིས་པར་ནམ་དུས་བཞིར་ལྟོ་དུས་གསུམ་ཚུད་པའི་ལྟ་རྟོག་ཚགས་ཚུད་བྱས་ཏེ། སྡེ་ཁུལ་གྱི་འཚོ་བའི་ཁྲོད་ནས་ཁྱིམ་གྱི་དྲོ་སྐྱིད་ངོ་མ་ཚོར་བར་བྱས་ཡོད། བྱམས་བརྩེ་ལྡན་པའི་རྒན་མོ་ཆོས་མཚོ་ནས་ལས་ཀར་ཞུགས་མ་ཐག་པའི་སྤྱི་ཚོགས་ཀྱི་ལས་དོན་པ་ཚེས་གསུམ་དང་། ལས་གནས་གསར་པར་ཞུགས་པའི་ཏང་ཡོན་རྒན་གྲས་ཚེ་ཕུན་ལྷ་བཟང་ནས་སྤྲོ་གསེང་རོལ་རྩེད་རྩེད་མཁན་དོན་གྲུབ་དང་རྣམ་རྒྱལ་བར། ཁོང་ཚོ་ཚང་མ“དྲོ་སྐྱིད་ཅ་ཤིང་ཁྱིམ”གྱི་སེམས་རྩ་འཁོལ་བའི་ཞབས་ཞུར་དཔང་པོ་བྱེད་མཁན་ཤ་སྟག་རེད།
འབྲེལ་ཡོད་གསར་འགྱུར།