དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ཁྲོམ་གཞུང་ཞིག་ནས་གྲགས་པའི་གཏམ་རྒྱུད་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  འདི་ག་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་བཅར་འདྲི་ཚོགས་ཆུང་གིས།   |     སྤེལ་དུས།  2026-04-25

    འདི་ནི་བགྲེས་སོང་ཧ་ལི་མཱ(གཡོན་གྱི་གཉིས་པ)ཡིས་སྡེ་ཁུལ་གྱི་ལས་དོན་པ་དང་ཁ་བརྡ་གློད་བཞིན་པ།

    འདི་ནི་ཝ་པ་གླིང་སྡེ་ཁུལ་དུ་གཉེར་བའི་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་ཡིན་པ།(ཝ་པ་གླིང་སྡེ་ཁུལ་གྱིས་མཁོ་འདོན་བྱས་པའི་པར)

    འདི་ནི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་1960ལོའི་ཟླ་10ཚེས་4ཉིན་གྱི་པར་ངོས་བཞི་པར་བཀོད་པའི་རྒྱས་འཕྲིན《ལྷ་སའི་ཁྲོམ་གཞུང་ཞིག》ཅེས་པའི་ནང་གི་པར་རིས་ཡིན་ལ། གྲོང་མིའི་འཕྲོད་བསྟེན་གོམས་སྲོལ་གྱི་འགྱུར་ལྡོག་མཚོན། (དཔྱད་ཡིག་པར་རིས)

    1960ལོའི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་ཕྱོགས་སྡེབ་ཚགས་པར་ཞིག་ཁ་ཕྱེ་བ་ན། ཟླ་10ཚེས་4ཉིན་གྱི་པར་ངོས་བཞི་པའི་ཐོག་རྒྱས་འཕྲིན《ལྷ་སའི་ཁྲོམ་གཞུང་ཞིག》ཅེས་པས་པར་ངོས་ཕྱེད་ཀ་ལྷག་ཙམ་བཟུང་འདུག ཞིབ་པར་ཀློག་སྐབས་སྣག་ཚའི་དྲི་མ་དང་བསྟུན་ནས་ཚོར་ཡོང་བ་ནི་དུས་རབས་དེ་རང་ལ་དམིགས་བསལ་དུ་ཡོད་པའི་རྟགས་མཚན་ཞིག་རེད། དེ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྱི་ལོ་གཉིས་པ་ཡིན་ཞིང་། ལྷ་སའི་ཕྱོགས་གང་ཅིའི་ཐད་གོང་འཕེལ་གཏོང་དགོས་པ་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པས་ཁེངས་ཡོད། རྩོམ་ཡིག་དེའི་ནང“ད་ཆ་ཁྱེད་རང་ཁྲོམ་གཞུང་འདིར་སླེབས་མ་ཐག་འཚེམ་འཁོར་གྱི་ལྡིར་སྒྲ་དང་། ལྕགས་རྡུང་བའི་སིང་སྒྲ། གྲོང་མིའི་སྣང་བ་སྐྱིད་པའི་གླུ་དབྱངས་ཀྱི་འགྱུར་ཁུག་ཐོས་ཐུབ”ཅེས་འཁོད་ཡོད་པ་རེད།

    ཟླ་4པའི་ཟླ་འགོར། ལྷ་སར་དཔྱིད་འགོ་ཤར་འདུག ལོ་རྒྱུས་ཀྱི་ཁུངས་སྣེ་གཞིར་བཟུང་། 《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་ཆེད་དོན་བཅར་འདྲི་ཚོགས་ཆུང་ལོ་66གོང་གི“ལྷ་སའི་ཁྲོམ་གཞུང་ཞིག”ཏུ་བསྐྱོད་དེ་ལོ་81ལ་སླེབས་པའི་བགྲེས་སོང་ཧ་ལི་མཱ་དང་མཉམ་དུ་ཁོང་གི་གཞོན་དུས་ཀྱི་མི་ཚེ་གླེང་ནས་འོ་ཆུ་ལྟ་བུའི་མི་རིགས་ཀྱི་བརྩེ་བ་ཉམས་སུ་མྱངས་པ་ཡིན།

    བགྲེས་སོང་ཞིག་གིས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མི་ཚེའི་གཏམ་རྒྱུད་བརྗོད་པ།

    ཝ་པ་གླིང་སྡེ་ཁུལ་དུ་དགུང་ལོ་བགྲེས་པའི་ཧ་ལི་མཱར་ཚང་མས་སྙིང་ཉེ་བའི་ངང“སྡེ་ཁུལ་གྱི་གཅེས་ནོར”ཞེས་འབོད་ཀྱི་ཡོད་ཅིང་། ལུས་ལ་ཕྱུ་པ་ནག་པོ་གྱོན་པ་དང་མིག་མདངས་ཞི་ཞིང་དུལ་བའི་བགྲེས་སོང་ཁོང་མི་ལོ་56རིང་རང་ཉིད་ཁྲོམ་གཞུང་དེའི་འཚོ་བ་དང་འཕོ་འགྱུར་ཁྲོད་གཞི་གཅིག་དབྱེར་མེད་ངང་འདྲེས་ཡོད་པ་རེད།

    བགྲེས་སོང་ཧ་ལི་མཱ་ཡི་མི་ཚེ་ནི་ལྷ་སའི་བོད་རིགས་དང་ཧུད་རིགས་ཀྱི་རིག་གནས་མཉམ་འདྲེས་བྱུང་བའི་མཚོན་ཚུལ་ཞིག་རེད། ལོ་15ལ་སླེབས་སྐབས་ཁོང་ནི་བོད་རིགས་བུ་མོ་སྤེན་པ་སྒྲོལ་མ་ཡིན་ཞིང་། ཁོང་གིས་ཨ་ཕའི་ས་ནས་འཚེམ་བཟོའི་ལག་རྩལ་སྦྱངས་པ་མ་ཟད། ཚོན་རྩི་གཏོང་བ་དང་ཤིང་ཆ་སྐྱེལ་འདྲེན་གྱི་ལས་ཀ་ཙག་ཙིག་ཀྱང་བྱེད་མྱོང་ཡོད་ལ་དབུལ་ཕོངས་ཀྱི་འཚོ་བ་དང་དཀའ་སྡུག་ཚང་མ་མྱངས་མྱོང་།

    ལོ་25ལ་སླེབས་སྐབས་ཧུད་རིགས་ཀྱི་སྐྱེས་པ་ཀྲའོ་པོ་ནེང་དང་ཆང་ས་བརྒྱབ་ནས་མིང་ཧ་ལི་མཱ་ཞེས་པར་བསྒྱུར། ཁོང་དུས་དེ་ནས་བཟུང་ཁྱིམ་ཚང་དེ་དང་སྡེ་ཁུལ་དེ་དབར་མི་ཤིགས་ལས་འཕྲོའི་མདུད་པ་ཐེབས། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

    ཧ་ལི་མཱའི་བཟའ་ཟླ་ནི་ཁོང་ལས་ལོ་བཅུ་ལྷག་ཙམ་གྱིས་ཆེ་བ་ཡོད་ཅིང་། བོད་སྐད་དང་། རྒྱ་སྐད། དབྱིན་ཇིའི་སྐད་བཅས་སྐད་ཡིག་གསུམ་བྱང་ཆུབ་པར་ཤེས་ཀྱི་ཡོད་ལ་ལས་ཁུངས་ཡག་པོ་ཡོད། འཚོ་བཞུགས་སྐབས་ཁོང་ལ་ཤ་ཚ་དང་བྱམས་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན། ཁོང་གིས་བློ་བདེ་པོའི་ངང་ནང་ལས་བྱེད་པ་དང་ཉིན་ལྟར་ཁྱོ་གར་ཁ་ལག་སྐྱེལ་བ་སོགས་བྱས་ཏེ་ཁྱིམ་ཚང་ལེགས་པར་བསྐྱངས།

    ཧ་ལི་མཱའི་ཁྱིམ་ནི་གླིང་སྐོར་ལམ་གྱི་སྲང་ལམ་ལྷོ་མ་དང་གདོང་རྩེ་ཟུར་གྱི་ལམ་མདོར་གནས་ཤིང་། ཐོག་སོ་གཉིས་པའི་སྒེའུ་ཁུང་དེ་སྡེ་ཁུལ་གྱི་འཁྲུག་ཆ་དོད་ཤོས་ཀྱི་ཁྲོམ་གཞུང་ལ་ཁ་གཏད་ཡོད། རྩོམ་ཡིག་ནང་བཀོད་པའི་ལྕགས་རྡུང་བའི་སྒྲ་དང་ལས་གཞས་ཀྱི་འགྱུར་ཁུག་སྔ་ས་ནས་འཇགས་པར་གྱུར་ཀྱང་། ད་ལྟའི་ཆར་གནས་དེར་ཇ་ཁང་དང་ཚོང་ཁང་མང་པོ་ཡོད་པ་མ་ཟད། འུར་ཟིང་ནི་ཞོགས་པ་ནས་མཚན་གུང་བར་དུ་མཚམས་ཆད་རྒྱུ་མེད།

    འོན་ཀྱང་ཁང་རྙིང་དེ་ནི་ཝ་པ་གླིང་སྡེ་ཁུལ་གྱི་མི་རིགས་མཉམ་འདྲེས་ཀྱི་ཕྲ་མཐོང་བསྡུས་རིས་ཤིག་ཡིན་པ་སྟེ། ཀྲའོ་པོ་ནེང་གི་ཕ་མེས་རྣམས་ཧྲའན་ཤིས་ནས་ཡིན་པ་དང་ཡུལ་ལུང་འདི་གའི་བོད་རིགས་བུད་མེད་ཆུང་མར་བླངས། ཁྱིམ་རྒྱུད་ལ་མི་རིགས་ཁག་མང་པོ་དང་གཉེན་སྒྲིག་བྱེད་མཁན་མང་བ་དང་ནང་མི་ཚང་མས་ལྷ་སའི་བོད་སྐད་གཙང་མ་ཞིག་ཤོད་ཐུབ་ཀྱི་ཡོད་པ་རེད།

    ཧ་ལི་མཱའི་མནའ་མའི་གྲས་སུ་རྒྱ་རིགས་ཡོད་ལ་ཧུད་རིགས་ཀྱང་ཡོད། གསོལ་ལྕོག་སྟེང་དུའང་བོད་ཟས་དང་། སི་ཁྲོན་གྱི་ཚལ། ཁ་ཆེའི་ཞིམ་ཟས་བཅས་ཡོད་ཅིང་། གོམས་སྲོལ་གཅིག་འདྲེས་དང་ཞི་མཐུན་མཉམ་གནས་ངང་དགའ་སྐྱིད་དཔལ་ལ་རོལ་བཞིན་མཆིས།

    ས་ཕག་གི་ཁང་པ་ནས་ཐོག་སོ་གསུམ་ལྡན་གྱི་ཁང་བཟང་བར་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བགྲེས་སོང་ཧ་ལི་མཱ་ཡིས་བོད་རིགས་དང་། ཧུད་རིགས། རྒྱ་རིགས་བཅས་མཉམ་འདྲེས་ཀྱི་ལོ་ཟླའི་ཁྲོད་ཀྱི་མི་སེམས་འགུལ་བའི་བྱ་བ་དག་མིག་མཐོང་ལག་ཟིན་བྱུང་ཡོད་ལ། ཁོང་གིས་ཆེས་སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་ཁྲོམ་གཞུང་གཅིག་གི་མི་སེམས་འགུལ་བའི་གཏམ་རྒྱུད་བྲིས་ཡོད།

    ཇ་ཁང་གཅིག་གིས། གྲོང་ཁྱེར་གྱི་སྔ་མོའི་ཉམས་དང་དེང་གི་རྣམ་པ་གསལ་ལེར་མཚོན་པ།

    ལུག་ཚང་ཇ་ཁང་ནི་ཝ་པ་གླིང་སྡེ་ཁུལ་གྱི་སྲང་ལམ་སྤྱིར་བཏང་ཞིག་ཏུ་གནས་ཤིང་། ཇ་ཁང་དེའི་སྐོར་དུས་རབས་གོང་མའི་ལོ་རབས་20པའི་བར་ཁུངས་འདེད་ཆོག དེ་སྔ་སྐབས་ཤིག་རིང་མེད་པ་ལྟ་བུར་གྱུར་ཡང་1979ལོའི་ལོ་མཇུག་ཏུ་ཁང་པ་རྙིང་པའི་ནང་བསྐྱར་དུ་ཚོང་གཉེར་བྱེད་འགོ་ཚུགས། ལོ་དེར་རུ་སྐྱིད་ཡཱ་ལོ་20ཏག་ཏག་ཡིན་པ་དང་། ཁྱིམ་གྱི་ཕྲུ་གུ་བུ་མོ་རྒན་ཤོས་ཡིན་པས་ཨ་ཕར་ཇ་ཁང་གཉེར་རོགས་བྱེད་ཀྱི་ཡོད། དེ་དུས་ཇ་ཁང་ཧ་ཅང་ཐབས་ཆག་ཡིན་ཞིང་། ཤིང་སྒམ་གྱིས་སྒྲོག་ཙེ་བྱས་པ་དང་ཇ་མངར་མོ་པི་ཙི་ཆེན་པོ་གང་ལ་སྒོར་ཟུར་གཅིག་ལས་གནས་ཀྱི་མེད། ཇ་འཐུང་མཁན་ཚོས་རང་འགུལ་གྱིས་དངུལ་སིལ་མ་རྣམས་སྒྲོག་ཙེའི་སྒང་ལ་བཞག་ན་ཇ་མས་ཇ་བླུགས་རྗེས་ཇ་རིན་ལེན་གྱི་ཡོད།

    ད་ཆ་ཁང་པ་རྙིང་པ་དེ་ཐོག་སོ་གསུམ་ལྡན་གྱི་ཁང་བཟང་དུ་བསྐྲུན་ཟིན་ཞིང་། ཐོག་སོ་དང་པོ་དང་གཉིས་པ་ཇ་ཁང་ཡིན་པ་དང་རྒྱ་ཁྱོན་ལྡབ་གཅིག་གིས་ཆེ་རུ་ཕྱིན་ཡོད་ཀྱང་ཡན་ལག་ཟ་ཁང་ད་བར་བཙུགས་མེད། ད་ཆ་ལོ་67ལ་སླེབས་པའི་རུ་སྐྱིད་ཡཱ་ཡིས་ས་ཆ་རྙིང་པ་དེ་རང་ལ་བསྡད་དེ་སྔ་མོའི་བྲོ་བ་དེ་རྒྱུན་འཛིན་བྱེད་སྙམ་གྱི་ཡོད། ཁྱིམ་གྱི་གཅེན་གཅུང་9ཡི་ནང་ནས་ཁོང་ཕུད་གཞན་ཚང་མར་ལས་ཀ་ཡོད་པ་རེད། ད་ཆ་རྒན་ཡོལ་ཞུས་པའི་ནང་མི་རྣམས་སྔ་རྗེས་སུ་རོགས་པར་ཡོང་བས་ཇ་ཁང་དེ་ཉིད་ནང་མི་ཡོངས་ཀྱི་འཚོ་ཐབས་དང་བསམ་པའི་བརྟེན་སར་གྱུར་ཡོད།

    ཕ་མེས་ནས་རྒྱུན་འཛིན་བྱས་པའི་ལག་རྩལ་ལ་བརྟེན་ནས་རུ་སྐྱིད་ཡཱ་ཡིས་ཞོགས་ལྟར་མི་རྣམས་ལ་དྲོ་སྐྱིད་ཀྱི་གནས་ཤིག་མཁོ་འདོན་བྱས། ཁོང་གིས་ཆར་དུས་ཟིན་སྐབས་སྒོ་སྔོན་ལ་ཕྱེ་སྟེ་རྒྱ་ལམ་འགྲུལ་པར་ངལ་གསོ་རྒྱག་ས་མཁོ་འདོན་བྱེད་པ་དང་། ལོ་ལྟར་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། སྨྱུང་གྲོལ་དུས་ཆེན། གུར་པན་དུས་ཆེན་སོགས་ལ་ཉིན་ཤས་མ་གཏོགས་ལོ་འཁོར་མོར་སྒོ་རྒྱག་གི་མེད། གལ་ཏེ་སྒོ་ཉིན་མོ་3ཡན་བརྒྱབ་ཚེ་ཇ་འཐུང་མཁན་རྙིང་པ་ཚོས་ཁ་པར་བརྒྱབ་སྟེ་ཁོང་ལ་ག་རེ་བྱས་སོང་ངམ་ཞེས་སྐད་ཆ་འདྲི་གི་ཡོད།

    ལུག་ཚང་ཇ་ཁང་གི་ཚོང་ཡག་པོ་དེ་འདྲ་ཡོང་དོན་ག་རེ་ཡིན་མིན་སྐོར་འདྲི་སྐབས་རུ་སྐྱིད་ཡཱ་ཡིས་དེ་ནི་བསམ་པ་རྣམ་དག་གིས་ཚོང་བརྟན་པོ་བརྒྱབ་པས་རེད་ཅེས་བརྗོད་ཀྱི་ཡོད། སྲོལ་རྒྱུན་གྱི་བུལ་ཐུག་ཕུད་ད་ཆ་ཇ་ཁང་གིས་ད་དུང་ཞོག་ཁོག་ཁ་ཚའི་ཐུག་པ་དང་དེ་བཞིན་ཟས་རིགས་སྤེལ་མ་གཞན་དག་བཟོ་གི་ཡོད་པས། རང་ཡུལ་གྱི་ཇ་འཐུང་མཁན་རྙིང་པ་ཚོའི་ཡིད་དབང་བཀུག་ཡོད་ལ། ཐག་རིང་ནས་ཡོང་བའི་འགྲུལ་པ་ཚོའི་ཡིད་དབང་ཡང་བཀུག་ཡོད།

    ལོ་47གྱི་རིང་ཇ་ཁང་དེས་ཇ་མངར་མོ་དང་བུལ་ཐུག་ལ་བརྟེན་ནས་ལྷ་ས་བའི་སོལ་དལ་བག་ཕེབས་ཀྱི་ལོ་ཟླར་དྲོད་ཁོལ་སྦྱིན་ཡོད། ཇ་ཁང་འདིས་ཝ་པ་གླིང་སྡེ་ཁུལ་གྱི་འཚོ་བའི་རྣམ་པ་མཚོན་ཡོད་ལ། མི་རབས་ཁ་ཤས་ཀྱི་བརྟན་སྲུང་དང་གནའ་གྲོང་ལྷ་སའི་ཆེས་ལྷད་མེད་ཀྱི་ཉམས་བཟང་དེའང་མངོན་གྱི་ཡོད།

    སྒོ་ར་ཆེན་པོ་ཞིག་གིས། སྣ་མང་མཉམ་འདྲེས་ཀྱི་སྲོལ་རྒྱུན་རིང་མོར་བདེན་དཔང་བྱས་པ།

    ཝ་པ་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་11འདུས་སྡོད་བྱས་ཡོད། ཁྱིམ་མཚེས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་འགལ་ཟླ་སེལ་ཆེད། སྡེ་ཁུལ་གྱིས“སེ་འབྲུའི་སེམས་མཐུན་སྒོ་རའི་ཚོགས་འདུ”འཚོགས་ཏེ། ཚང་མ་མཉམ་དུ་འཛོམས་ནས་གློག་སྡོང་བེད་སྤྱོད་དང་ཆུ་གློག་ཉམས་བཟོ་སོགས་ཀྱི་གནད་དོན་ཙག་ཙིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད།

    ལོ་85ལ་སླེབས་པའི་ཧུད་རིགས་རྒད་པོ་མུའུ་སཱ་ཡིས་སྡེ་ཁུལ་གྱི་འཕོ་འགྱུར་ལ་དཔང་པོ་བྱས་ཤིང་། ཁོང་གིས“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འདི་འདྲ་བཤད་ན་བཤད་ཚར་གྱི་མ་རེད”ཅེས་མྱོང་ཚོར་ཟབ་མོས་བཤད།

    བགྲང་བྱ་བརྒྱ་ཕྲག་རིང་མི་རིགས་འདུས་སྡོད་ཀྱི་རྨང་གཞི་ལྡན་པ་ནས་ད་ཆའི་སྒོ་ར་ཆེན་པོའི་ནང་ཉ་ཆུ་ལྟ་བུར་གཤིབ་པའི་བར། ཝ་པ་གླིང་གི་མི་རིགས་ཁག་གི་མང་ཚོགས་ནི་སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་ལྟ་སྐྱོང་དང་འཆམ་མཐུན་མཉམ་གནས་ཀྱིས་སྡེ་ཁུལ་གྱི་དུས་བདེ་དང་མཛེས་སྡུག་མཉམ་དུ་སྲུང་བཞིན་ཡོད།

    ལོ་66གོང་གི་འཕྲིན་སྤེལ་ཞིག་ཏུ་ཁྲོམ་གཞུང་རྙིང་པ་དེའི་རྣམ་པ་བཀོད་ཡོད་པ་དང་། ལོ་66གི་རྗེས་སུ་ཁྲོམ་གཞུང་དེའི་མི་རྣམས་ཀྱིས་རྣམ་ཀུན་གྱི་འཚོ་བར་བརྟེན་ནས་མི་རིགས་ཁག་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་པའི་སེམས་མཐུན་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།