ཞི་ཅིན་ཕིང་གིས་ཉེ་ཆར་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”སྔར་བས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་རང་རང་སོ་སོའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་འཚོལ་ཞིབ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། དབྱི་ཝུའུ་ཡི་ཚོང་ཟོག་ཆུང་གྲས་ཀྱིས་ཁྲོམ་ར་ཆེན་པོ་དང་ཐོན་ལས་ཆེན་པོ་བཏོད་ནས“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”གྲུབ་པ་དེ་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ནས“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”སྔར་བས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ས་གནས་ཁག་གིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། སྒྱུར་བཅོས་གསར་གཏོད་དང་། དངོས་འཛིན་དངོས་སྒྲུབ། སྙིང་རུས་བརྟན་འཁྱོངས་བཅས་བྱས་ནས། རང་རང་སོ་སོའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་འཚོལ་ཞིབ་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཐུབ་པར་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་ཀྲེ་ཅང་དུ་ཕྱག་ལས་གནང་རིང་། དབྱི་ཝུའུ་རུ་བརྟག་ཞིབ་ཐེངས་མང་གནང་བ་དང་། “དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”ཕྱོགས་སྡོམ་དང་ཁྱབ་གདལ་བཏང་གནང་ཡོད། ལོ་དེ་དག་རིང་། དབྱི་ཝུའུ་ཡིས“ཚོང་ཟོག་ཆུང་གྲས་དང་ཁྲོམ་ར་ཆེན་པོའི”ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཤིང་། མིག་སྔར་ཚོང་ཟོག་ཆུང་གྲས་ཀྱི་ཁྲོམ་རའི་གཉེར་སྐྱོང་ཚོང་དུད་ཁྲི་126ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་ཁག་230ལྷག་ཙམ་དང་ཉོ་ཚོང་འགྲོ་འོང་བྱས་ནས། 2025ལོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་གྲངས་འབོར་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)གི་ཨང་དང་པོར་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།