དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“བློ་སྒོ་འབྱེད་སྟངས”ཤེས་རྟོགས་ཐུབ་པར་བྱེད་དགོས།

    པུའུ་ས་ཉི·ཨེན་ཁཱ་ཝུའེ་ཉི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-24

    2025ལོའི་ཟླ་12པར་ང་རང་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པའི་དབྱིན་ཡིག་པར་གཞིའི་འོས་སྦྱོར་ཚོགས་འདུར་གདན་ཞུས་ལྟར་ཞུགས་ནས་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། དམངས་ཁྲོད་ཀྱི་སྤྱི་ཚོགས་མི་སྣ་བཅས་ཚུད་པའི་སྐུ་མགྲོན་200ལྷག་ཙམ་དང་མཉམ་དུ་དེང་རབས་ཅན་གྱི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་ཡིན། ཚང་མས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་ལྔ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ལྷོ་ཨ་ཧྥེ་རི་ཁ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་མི་སྣས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་ཐུབ་ཆེད“བློ་སྒོ་འབྱེད་སྟངས”མཁོ་འདོན་བྱས་ཏེ་རྒྱལ་ཁབ་ཁག་གིས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་ལག་ལེན་ཁྲོད་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་བཅོལ་སོགས་ཁྱབ་ཁོངས་མང་པོར་ཁྱབ་པའི་དོན་གཉེར་བྱེད་ཐབས་ཤིག་ཏུ་གྱུར་ཡོད། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁྱོན་མི་དུང་ཕྱུར་13ལས་བརྒལ་བ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་96.1%ཟིན་པ་སོགས་རེད། ཏན་ཏིག་གི་གྲུབ་འབྲས་དང་གྲངས་གཞི་དེ་དག་ལས་ཀྲུང་གོའི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད་ལ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་བྱ་གཞག་འཕེལ་རྒྱས་གཏོང་བར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཡང་ལེགས་སྐྱེས་སུ་ཕུལ་ཡོད།

    ཀྲུང་གོས་དུས་ཡུན་རིང་པོའི་འཆར་འགོད་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་ལྔའི་འཆར་འགོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་འཆར་གཞི་བརྒྱུད་མུ་མཐུད་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། 1953ལོ་ནས་བཟུང་། ཀྲུང་གོས་ལོ་ལྔའི་འཆར་འགོད(འཆར་གཞི)14བཟོས་ཟིན་པ་མ་ཟད་ལག་ལེན་ཡང་བསྟར་ནས་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་དམིགས་ཚད་ལ་གཞིགས་ཏེ་མདུན་སྐྱོད་བརྟན་པོ་བྱེད་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོས་མུ་མཐུད་རང་ངོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད། ལྷོ་ཨ་ཧྥེ་རི་ཁ་དང་དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཞན་དག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་པ་དང་དུས་ཡུན་འབྲིང་རིང་གི་ལམ་ལུགས་བཀོད་སྒྲིག་དང་དོན་འཁྱོལ་ལམ་སྲོལ་བཙུགས་པར་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་གྲོས་རིམ་གྱི་འབྲེལ་ཆགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་ལེན་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་དང་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་མཉམ་ལས་དེ་ཚོང་དོན་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། གྲངས་འཛིན་ལག་རྩལ། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། འབྱུང་འགྱུར་ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དེང་རབས་ཅན་གྱི་རོགས་ཟླའི་བྱ་སྤྱོད་ཆེ་གྲས་བཅུར་མུ་མཐུད་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་ཧུར་ཐག་བསྟར་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་དར་རྒྱས་ཆེད་ནུས་པ་འདོན་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོས་དེང་རབས་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།

    (རྩོམ་པ་པོ་ནི་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་སྤྱི་པའི་སྲིད་ཇུས་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།