ཁ་ན་ཏའི་ཙུང་ལིས་བརྗོད་དོན།
ཁ་ན་ཏ་དང་ཨ་རིའི་འབྲེལ་བའི“ལེགས་ཆ”དག“ཞན་ཆར”གྱུར་སོང་།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨོ་ཐེ་ཝ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཁ་ན་ཏའི་ཙུང་ལི་ཁཱ་ཉིས་འབྲེལ་ལམ་སྨྱན་སྦྱོར་བརྒྱུད་བརྙན་ལམ་ནས་གསུང་བཤད་སྤེལ་ནས། མིག་སྔའི་ཁ་ན་ཏ་དང་ཨ་རིའི་འབྲེལ་བར་དཔྱད་དཔོག་བྱས་ཏེ། ཁ་ན་ཏས་དེ་གོང་ཨ་རི་དང་འབྲེལ་བ་དམ་ཟབ་བྱས་པའི་རྨང་གཞིའི་ཐོག་བྱུང་བའི“ལེགས་ཆ”མང་པོ་ཞིག་ངེས་པར་དུ་ཡོ་བསྲང་བྱེད་དགོས་པའི“ཞན་ཆར”གྱུར་ཡོད་ཅེས་བརྗོད་པ་དང་འབྲེལ། ཕྱི་ཕྱོགས་ཚོང་དོན་སྣ་མང་ཅན་ལ་བརྟེན་ནས་མིག་སྔའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།
མིང་ལ《རྒྱང་ལྟའི་རང་བཞིན་གྱི་ཁྲིད་སྟོན》ཞེས་པའི་བརྙན་ལམ་གཏམ་བཤད་འདིའི་ནང་། ཁཱ་ཉིས“ཨ་རིས་ཉོ་ཚོང་བྱེད་སྟངས་ཐད་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་ཡོད། སྒོ་ཁྲལ་དེ་དུས་རབས་གོང་མའི་ལོ་རབས་30པའི་ཉམས་རྒུད་ཆེན་པོའི་དུས་སྐབས་ནས་བཟུང་སྔར་བྱུང་མྱོང་མེད་པའི་ཆུ་ཚད་དུ་མཐོ་རུ་བཏང་ཡོད། མིག་སྔར་ཨ་རིས་ཁ་ན་ཏའི་རླངས་འཁོར་དང་། ངར་ལྕགས། ཤིང་ཆའི་ལས་རིགས་བཅས་ལ་བསྡུས་པའི་སྒོ་ཁྲལ་གྱིས་ཤུགས་རྐྱེན་ངན་པ་བཟོས་ཡོད་ཅེས་བརྗོད་པ་དང་། ཁོང་གིས། ཁ་ན་ཏས་ཨ་རི་ནས་བྱུང་བའི་འགོག་རྐྱེན་ལ་ཚོད་འཛིན་བྱེད་ཐབས་བྲལ་ལ། ཨ་རིས་གློ་བུར་དུ་མཚམས་འཇོག་བྱེད་པའི་གོང་གསལ་གྱི་བྱེད་སྤྱོད་ཐོག་འབྱུང་འགྱུར་གྱི་རེ་བ་བཅོལ་ཐབས་བྲལ་ཡོད། “རེ་བ་ནི་འཆར་གཞི་ཞིག་མིན་ལ། སྔར་སོང་ལ་རྗེས་དྲན་བྱེད་པའང་ཐབས་ཇུས་ཤིག་མིན”ཞེས་བརྗོད་པ་རེད།
ཁཱ་ཉིས་དུས་བཀག་ལྟར་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ཚོང་དོན་སྣ་མང་ཅན་གྱི་འཕེལ་རིམ་གསར་བརྗེས་བྱ་རྒྱུའི་ཁས་ལེན་བྱས་ཤིང་། ཁོང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཁ་ན་ཏ་སྲིད་གཞུང་གིས་ཚོང་དོན་གྲོས་མཐུན་གསར་པ་ཁག་20ལ་མིང་རྟགས་བཀོད་ཡོད། ཁ་ན་ཏས་གོ་ལ་ཧྲིལ་པོའི་མ་འཇོག་གི་ཡིད་དབང་འགུག་པ་དང་། ཞིང་ཆེན་དབར་གྱི་ཚོང་དོན་ཁྲིམས་སྲོལ་མཐུན་སྦྱོར་བྱེད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ནུས་ལྡབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱི་ཕྱོགས་ཁྲོམ་ར་རྐྱང་པ་ཁོ་ནར་བརྟེན་ཤུགས་ཆུང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།