དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མོ་ཙམ་པི་ཁེའི་ཙུང་ཐུང་མཚོ་སྔོན་གྱི་གྲོང་གསེབ་ཏུ་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-24

    ཟླ་4ཚེས་19ཉིན། མོ་ཙམ་པི་ཁེའི་ཙུང་ཐུང་ཏན་ཉིར·ཁྲ་པོ་ཡིས་མཚོ་སྔོན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་བ་ཡན་གྲོང་ཚོར་འཚམས་འདྲིར་ཕེབས་རྗེས། “འདི་ག་ནས་ངས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང”ཞེས་སེམས་གཏིང་ནས་དེ་ལྟར་གསུངས།

    ཉིན་དེའི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁྲ་པོ་མཚོ་བོད་ས་མཐོའི་ཤར་སྣེའི་གྲོང་ཚོ་དེར་ཆེད་མངགས་ཕེབས་ནས། ཀྲུང་གོའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་གཏམ་རྒྱུད་མཁྱེན་རྟོགས་གནང་བ་རེད།

    གྲོང་ཚོའི་འགྲེལ་བཤད་པས་ཁྲ་པོར་གྲོང་ཚོའི་འཕོ་འགྱུར་སྐོར་འགྲེལ་བཤད་བརྒྱབ་པ་སྟེ།

    དེ་སྔའི་བ་ཡན་གྲོང་ཚོ་དེ་ཉིད་ཧྲ་ཀོའུ་རི་བོའི་ཕུ་རུ་གནས་པས། འགྲོ་སྐྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ། སློབ་གྲྭར་འགྲོ་དཀའ་བ། སྨན་བཅོས་བྱེད་དཀའ་བ་བཅས་ནི་གྲོང་མི་མི་རབས་ནས་མི་རབས་བར་གྱི་རྒྱུན་གཏན་འཚོ་བར་འཕྲད་པའི་དཀའ་གནད་རེད། དུས་རབས་གསར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་དྲིན་ལས། 2017ལོར་གྲོང་ཚོ་ཡོངས་ཀྱི་ཡུལ་མི་དུད་ཚང་129ཚང་མ་རི་གཤམ་དུ་གནས་སྤོས་པས་གྲོང་ཚོ་ཧྲིལ་པོ་ལོ་དེ་རང་ལ་དབུལ་སྒྲོལ་ཐུབ་ཡོད།

    ཁྲ་པོས་ནན་ཏན་ངང་གསན་པ་དང་། འདྲེན་བྱེད་ཟུང་མིག་མདུན་གྱི་འགྲེམས་སྟོན་སྒམ་ནང་གི་དབུལ་སྐྱོར་ལག་དེབ་ལ་ཡུན་རིང་ཅེར་བཞིན། བ་ཡན་གྲོང་ཚོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཉམས་སུ་མྱངས་པ་རེད།

    དེ་རྗེས། ཁྲ་པོ་དང་བཅས་པ་ཧོར་རིགས་ཀྱི་ཕན་ཤིའུ་ཕར་ཆིན་རྒྱག་སའི་སྒོ་རར་ཕེབས་ཤིང་། སྒོ་རའི་ནང་འཚེམ་དྲུབ་མ་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཕར་ཆིན་རྒྱག་བཞིན་མཆིས། ཚོན་མདོག་སྣ་ལྔའི་དར་སྐུད་མཛུབ་རྩེའི་དབར་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་བསྟུན་ནས། ཉི་མའི་དབྱིབས་ཀྱི་རི་མོ་རེ་རེ་རིམ་གྱིས་གྲུབ།

    འགྲེལ་བཤད་པས་ངོ་སྤྲོད་བྱས་པར་གཞིགས་ན། ཕར་ཆིན་རྒྱག་སའི་སྒོ་རས“ཀུང་སི་དང་། རྟེན་གཞི། སྣེ་ཁྲིད་པ། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་གཅིག་གྱུར་གསོ་སྦྱོང་དང་། རྒྱུ་ཆ་གཅིག་གྱུར་མཁོ་འདོན། གཅིག་གྱུར་ཚུར་བསྡུ། གཅིག་གྱུར་ཕྱིར་ཚོང་བཅས་བྱས་པས་ད་ཆ་གཏན་འཇགས་འཚེམ་དྲུབ་མ་145ཡོད་པ་རེད།

    ཁྲ་པོ་ཡིས་འཚེམ་དྲུབ་ཀྱི་ཐོན་རྫས་གྲུབ་མ་ལག་ཏུ་བཟུང་ནས་ཞིབ་ཏུ་གཟིགས་པའི་ཚེ། དེའི་ཚོན་མདོག་ཡག་ལ་ཚགས་དམ་པ་དང་རི་མོ་ཧ་ཅང་སྙིང་རྗེ་མོ་ཡོད་པ་རེད། ཕར་ཆིན་རྒྱག་སའི་སྒོ་རའི་འཚེམ་དྲུབ་མ་ཚོར་ཁྱིམ་གྱི་སྒོ་རྩ་ནས་ཟླ་རེར་གླ་ཆ་སྒོར་ཆིག་སྟོང་ཉིས་སྟོང་ཡོད་པ་མཁྱེན་སྐབས། ཁྲ་པོ་ཧ་ཅང་མགུ་པོ་བྱུང་ནས་དབུ་ལྕོག་ལྕོག་གནང་བཞིན་བསྟོད་པའི་མེ་ཏོག་གཏོར།

    གྲོང་ཚོའི་ཆང་རག་སྙོལ་ཁང་དུ་ཁྲ་པོ་དང་བཅས་པས་ནས་ཆང་སྙོལ་བའི་བརྒྱུད་རིམ་ལ་ལྟ་སྐོར་བྱས་པ་རེད། འགྲེལ་བཤད་པས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་ཡོངས་སུ་ཆང་རག་སྙོལ་ཁང་དང་བཟོ་གྲྭ་དེ་འདྲ་ཁག་55ཡོད་པ་དང་ལོ་རེའི་ཟོག་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་7.2ཟིན་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་མི་དམངས་ཤོག་སྒོར་དུང་ཕྱུར་4.3ཡོང་བར་སྐུལ་ཁྲིད་ཐུབ་སྟེ། ནས་ཆང་ནི་ཡུལ་མི་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ཡུལ་མིས་བཀྱགས་པའི་ཆང་ཕོར་བླངས་རྗེས། ཁྲ་པོ་ཡིས་དྲི་མ་སྣོམ་བཞིན་མགོ་བོ་བཏེགས་ཏེ་རྒྱ་སྐད་ནས“ཞབས་ཏག་ཡིན་དཱ”ཞེས་གསུངས་མ་ཐག་དེ་གར་ཡོད་པའི་མི་ཚང་མའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

    ཁྲ་པོ་ཡིས་མྱོང་ཚོར་ཟབ་མོས། བ་ཡན་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་ནི་འཛམ་གླིང་གི་ཁྱབ་ཁོངས་ནང་དུའང་དཔེ་སྟོན་གྱི་དོན་སྙིང་ལྡན་པའི་དཔེ་མཚོན་གསོན་པོ་ཞིག་རེད། “ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ལག་བསྟར་གནད་སྨིན་བྱས་རྗེས། བ་ཡན་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་སྟེ། མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།