འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པར་མཚོ་སྔོན་གྱི་འགྲེམས་ཞུགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
ཟླ་4ཚེས་13ཉིན་ནས་ཚེས་18ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སྐབས་དྲུག་པ་ཧའེ་ནན་ཧའེ་ཁོའུ་རུ་བདེ་བླག་ངང་གཉེར་བ་རེད། མཚོ་སྔོན་ཞིང་ཆེན་གྱི“མཚོ་སྔོན་གྱི་ཐོན་རྫས་ཡག་པོའི”སྤུས་ལེགས་ཐོན་རྫས་མཛོད་ཀྱི་ཁེ་ལས་16གིས་ཁྱད་ལྡན་ཐོན་རྫས་སྣ་ཁ་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པར། ས་གནས་ས་ཐོག་ཏུ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་113བྱུང་བ་དང་སྒོར་ཁྲི་4150ཟིན་པའི་འདོད་མོས་མངགས་ཐོ་སྣ་ཚོགས་བཞག་ཐུབ་ནས་འགྲེམས་ཞུགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
ད་ཐེངས་ཀྱི་འཛད་ཟོག་འགྲེམས་ཚོགས་སུ་མཚོ་སྔོན་འགྲེམས་ཁང་གིས“མཚོ་སྔོན་གྱི་ཁྱིམ་སྟོན”འགྲེམས་ཁུལ་ཐོག་མར་བཙུགས་ནས། གསོལ་སྟོན་གཤོམ་པའི་རྣམ་པའི་ཐོག་ནས་ས་གནས་ས་ཐོག་ཏུ་ཚགས་ཤ་དང་། ཉ་སན་ཝུན། ཞོ་སོགས་ཀྱི་བྲོ་བ་ལྟ་རུ་བཅུག་སྟེ། མཚོ་སྔོན་གྱི་བཟའ་བཏུང་རིག་གནས་བཤམས་སྟོན་བྱས་པ་དང་དུས་མཚུངས། དམངས་ཁྲོད་ཀྱི་བཟོ་རྩལ་མཁས་ཅན་གདན་དྲངས་ནས་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་ཏེ“གསེར་སྐུད་ཐང་གའི”བཟོ་རྩལ་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། པར་རིས་དང་བརྙན་ལམ་དང་། འགྲེམས་རྫས་ལ་མྱོང་དཔྱད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་པར་མཚོ་སྔོན་གྱི་བཟའ་བཏུང་དང་། རིག་གནས། ཁྱད་ལྡན་ཐོན་རྫས་བཅས་དྲིལ་བསྒྲགས་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྔོན་ལ་འཆར་གཞི་བཀོད་དེ་འཛད་ཟོག་འགྲེམས་ཚོགས་དེ་ཉིད་ལོ་འཁོར་གྱི་འགྲེམས་ཞུགས་འཆར་གཞིར་བཅུག་ནས། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ནས་མ་དངུལ་བཀོད་སྒྲིག་བྱས་ཏེ་འགྲེམས་གནས་ཀྱི་གྲོན་དངུལ་དང་འགྲེམས་རྫས་སྐྱེལ་འདྲེན་གྱི་གྲོན་དངུལ་ཆ་ཚང་ཁ་གསབ་བྱས་པ་དང་། འགྲེམས་ཞུགས་ཁེ་ལས་ཀྱིས“མཚོ་སྔོན་གྱི་ཐོན་རྫས་ཡག་པོའི”སྤུས་ལེགས་ཐོན་རྫས་མཛོད་ནས་འདེམས་སྒྲུག་ཞིབ་ཚགས་བྱས་ཏེ་མཚོ་སྔོན་གྱི་ཉ་སན་ཝུན་དང་། ས་མཐོའི་ཚགས་ཤ་དང་ལུག་ཤ འདྲེ་ཚེར་མ་དམར་པོ་དང་ནག་པོ། དབྱར་རྩྭ་དགུན་འབུ་སོགས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕུད། འཁྱེར་བདེའི་ཉི་ནུས་འོད་ལེབ་དང་འཁྱེར་བདེའི་ནུས་གསོག་གློག་རྫས་སོགས་ནུས་རྒྱུ་གཙང་མའི་ཐོན་རྫས་ཐེངས་དང་པོར་འགྲེམས་ཞུགས་བྱས་པས། མཚོ་སྔོན་གྱི་འགྲེམས་ཞུགས་ཁེ་ལས་ཀྱི་ཐོན་ལས་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་ལྗང་མདོག་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།