དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་གཙང་ཐོན་ལས་ལེགས་པར་གཉེར། དམངས་ཕྱུག་སྒུལ་ནུས་འཕེལ་བར་བྱས།

    ལྷ་ས་གྲོང་ཁྱེར་གྱི་ས་གཙང་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    འདི་ནི་བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སིའི་གསོ་ཚགས་ཁུལ་གྱི་བཞོན་མ་ཡིན་པ། (དཔྱད་གཞིའི་པར་རིས)

    འདི་ནི་བུ་བཅོལ་ཁང་གི་བྱིས་པས་བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་སིའི“སློབ་མའི་ཆེད་སྤྱོད་འོ་མ”འཐུང་བཞིན་པ། (དཔྱད་གཞིའི་པར་རིས)

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ནི་ལྷ་སའི་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ས་གཙང་ཐོན་ལས་གཉེར་འགོ་ཚུགས་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་དང་གཞིས་ཚུགས་པ་ལས་བྱུང་བ་ཞིག་རེད། 2013ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས“ས་གཙང་དང་། ཆུ་གཙང་། མཁའ་རླུང་གཙང་མ། སེམས་པ་གཙང་མ”བཅས་ཀྱི“གཙང་བཞིའི”འདུ་ཤེས་བཏོན་པ་དང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་དེ་རེད། 2013ལོའི་ཟླ་12ཚེས་11ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱི“ས་གཙང་འབྱུང་འཕྲོད་ཐོན་ལས”དེ་བསམ་ཚུལ་ནས་གཉེར་སྐྱོང་དངོས་ལ་ཁྱབ་གདལ་གཏོང་བའི་གཉེར་སྐྱོང་བྱེད་པོ་སྔ་ཤོས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

    ཀུང་སི་བཙུགས་མ་ཐག ས་ཆ་གཞན་གྱི་སྤུས་རྟགས་ཀྱིས་ཡུལ་དེའི་ཁྲོམ་ར་བཟུང་བའི་གནད་དོན་འཕྲད་ཅིང་། འགྲན་སློང་གི་མདུན་དུ་ཀུང་སིས“འོ་མ་གཅིག་དང་ཆུ་གཉིས”ལ་དམིགས་པའི་ལྟེ་བའི་འཐབ་ཇུས་གཏན་འཁེལ་བྱས་ཏེ། ས་མཐོའི་ཁྱད་ཆོས་ལྡན་པའི་ས་གཙང་ཐོན་རྫས་ཀྱི་མ་ལག་གཏོད་རྒྱུའི་སེམས་ཐག་བཅད་པ་རེད།

    2014ལོའི་ལོ་མཇུག་ཏུ་ཀྲི་ཀྲའོ་ཐོན་ལས་གླིང་སྐྲུན་འགོ་ཚུགས་པ་དང་། 2015ལོར་དཔལ་སྡིངས་ཀྱི་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ། 2018ལོར་གར་པའི་སྐྱེ་ཁམས་འབྲོག་ར་དངོས་སུ་སྤྱོད་འགོ་ཚུགས་པ། 2017ལོར་བོད་ཀྱི་ས་གཙང་འོ་ལས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། 2018ལོའི་ཟླ་9པར་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་བོད་དུ་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་འོ་བཟོས་བཟའ་བཅའ་ལས་སྣོན་ཐོན་སྐྱེད་བརྒྱུད་རིམ་མེད་པའི་སྟོང་ཆ་བསྐང་ཡོད།

    བོད་ཀྱི་ཐུན་མོང་མ་ཡིན་པ་དང་སྦགས་བཙོག་མེད་པའི་ས་རྒྱུ་དང་། མཁའ་རླུང་། ཆུ་སོགས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཀུང་སིས་ཕུན་སུམ་ཚོགས་པའི་ཐོན་རྫས་མ་ལག་གཅིག་རིམ་གྱིས་བཏོད་ཡོད། ཀྲི་ཀྲའོ་ཐོན་ལས་གླིང་དུ་རིག་ནུས་དྲོད་ཁང་དང་། ཉི་འོད་དྲོད་ཁང་ཆེ་མོ། འོ་བཟོས་བཟའ་བཅའ་ལས་སྣོན་བཟོ་གྲྭ། འཐུང་ཆུ་ལས་སྣོན་བཟོ་གྲྭ་སོགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་ཡོད། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཐོབ་པའི་ལྷ་སའི་འོ་མ་ནས་ཚང་མས་དགའ་པོ་བྱེད་པའི་ལྷ་སའི་ཞོ་དང་དེ་ནས་ཏཱ་ཀྲའོ་གནས་ཆུ་དང་དེ་བཞིན་འགྱིག་དམ་ཆུ་སྡེབ་སྐྱེལ་ཞབས་ཞུའི་བར་ཀུང་སིས་རིམ་རྩིས་བརྒྱབ་ན་ཁྱད་ལྡན་ཐོན་རྫས་རིགས་10ལྷག་ཙམ་གསར་སྤེལ་བྱས་ཡོད་པ་རེད།

    སྤུས་ཚད་ནི་སྲོག་རྩ་ལྟ་བུ་ཡིན། ཀུང་སིས་འབྱུང་རྩ་ནས་མཐའ་སྣེའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ཐུབ་པའི་སྤུད་ཚད་ཀྱི་དོ་དམ་མ་ལག་ཅིག་བཏོད་ཅིང་། འོ་བཟོས་བཟའ་བཅའི་ཁུལ་དུ“འོ་མ་ཚད་ལྡན་མིན་པ་མི་བསྡུ་བ་དང་། བརྒྱུད་རིམ་ཚད་ལྡན་མིན་པ་ཐོན་སྐྱེད་མི་བྱེད་པ། གྲུབ་རྫས་ཚད་ལྡན་མིན་པ་བཟོ་གྲྭ་ནས་མི་འདོན་པ”བཅས་ཀྱི“མི་བྱེད་པ་གསུམ”གྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད། ཞིབ་དཔྱད་ཚད་ལེན་ལས་མངོན་པར། འོ་མའི་སྤྲི་དཀར་དང་འོ་མའི་ཞག་ཚིལ་སོགས་འགག་རྩའི་དམིགས་ཚད་ཚང་མ་རྒྱལ་ཁབ་ཀྱི་ཚད་གཞི་ལས་ལེགས་པ་བྱུང་བ་དང་རྒྱུ་སྤུས་བརྟན་སྲུང་བྱས་པ་དེས“ས་གཙང”གི་སྤུས་རྟགས་མི་སེམས་ལ་ཟུག་ཡོད།

    ད་ཆ་ལོ་10ལྷག་ཙམ་འདས་རྗེས“ལྷ་སའི་ས་གཙང”གི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཚང་མས་ཤེས་ཀྱི་ཡོད་ཅིང་། ལྷ་སའི་ས་གཙང་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ་ནས་དང་། འབྲི་གཡག སྤོས། ཁ་གདན། གཏེར་ཆུ། ས་མཐོའི་འོ་ལས་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆགས་ཡོད། མིག་སྔའི་བར། བཀོལ་སྤྱོད་ལ་དབང་སྐུར་ཐོབ་པའི“ལྷ་སའི་ས་གཙང”གི་ཚོང་རྟགས་སྤྱོད་མཁན་ཁེ་ལས་ཁྱོན་42ཡོད་པའི་ནང་ཚོགས་པ་དང་མ་རྐང་ནང་ཞུགས་པའི་ཀུང་སི་16དང་མཉམ་ལས་ཁེ་ལས་26ཡོད། དེ་དང་ཆབས་ཅིག་ཡིག་རྟགས་དང་ཚོང་རྟགས་ཀྱི་དབང་ཆ་ཐོབ་པ་57དང་། ཕྱིར་ཚོང་དབང་ཆ་ཡོད་པ་35 དབང་ཆ་སྤྲད་པ་1བཅས་ཁྱོན་དབང་སྤྲོད་ཡི་གེ་93ཡོད།

    ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཐར་གཏུགས་ནས་བཤད་ན་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་རེད།

    ད་ལོ་ལོ་ན་50ལྷག་ཙམ་ལ་སླེབས་པའི་པ་སངས་མ་གཞི་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོའི་ཞིང་པ་དཀྱུས་མ་ཞིག་ཡིན། 2013ལོར་ཁོང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་ལས་ཀར་ཞུགས་ཤིང་། དང་ཐོག་ཁོང་ནི་གླིང་ཁུལ་གྱི་དཔལ་འབྱོར་ལོ་ཏོག་ལ་རྒྱུན་གཏན་གཡོག་བྱེད་བྱེད་མཁན་གླ་པ་ཞིག་ཡིན་མོད། འོན་ཀྱང་ཕྱིས་སུ་ལས་ཀ་བྱེད་རིང་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་དང་ལག་ལེན་ཧུར་ཐག་བྱས་པས་ད་ཆ་གླིང་ཁུལ་གྱི་ཐོན་ལས་བཟོ་པ་ཞིག་ཏུ་གྱུར་ཡོད།

    “ངས་གླིང་ཁུལ་ནང་ལས་ཀ་ཙག་ཙིག་ཚང་མ་བྱེད་ཀྱི་ཡོད་པས། ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད་པ་མ་ཟད། ལས་ཀ་བྱེད་ས་ཁྱིམ་དང་ཐག་ཉེ་བས་ཁྱིམ་གྱི་ས་ཞིང་དང་སྒོ་ཕྱུགས་ལ་ལྟ་རྟོག་བྱེད་བདེ་པོ་འདུག ཞིང་དལ་དུས་སུ་བཟའ་ཟླས་ཀྱང་གླིང་ཁུལ་དུ་ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་གསོག་པར་ཡོང་གི་ཡོད”ཅེས་པ་སངས་ཀྱིས་གསར་འགོད་པར་བཤད། གླིང་ཁུལ་གྱི་ལས་ཀས་ཁོང་གི་ཡོང་འབབ་བརྟན་པོའི་ངང་འཕར་བ་མ་ཟད། ཁོང་གི་འདེབས་འཛུགས་ཀྱི་འཇོན་ཐང་དེ་བས་ཆེ་རུ་ཕྱིན་ཡོད། ད་ཆ་ཁོང་ནི་གླིང་ཁུལ་ནང་གི་སྐད་གྲགས་ཆེ་བའི“ཡུལ་དེ་རང་གི་རིགས་གཅིག་མཁས་ཅན”ཞིག་ཡིན་པ་དང་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག སྨན་རྒྱུ་བཅས་འདེབས་འཛུགས་གང་ཞིག་བྱེད་དགོས་རུང་ཧ་ཅང་བྱང་པོ་ཡོད།

    མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ལག་ལེན་ཁྲོད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཡང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “དུད་ཚང་ཁྲི་དང་། ར་བ་བརྒྱ། ལྟེ་གནས་བཅུ”སོགས་ཀྱི་ལས་གྲྭ་བརྒྱུད་ཀུང་སིས་གཟན་རྩྭ་འདེབས་པ་དང་། བཞོན་མ་གསོ་ཚགས། ལས་སྣོན་ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་བཙུཌ་པས་མི་བརྒྱ་ཕྲག་ཁ་ཤས་ལས་ཞུགས་ཐུབ་ཡོད། གླེང་རིན་ཡོད་པ་ཞིག་ནི་ཀུང་སིས་དམངས་ཕན་གྱི་བགོ་འགྲེམས་རྒྱག་པའི་ལམ་སྲོལ་བཙུགས་པ་དང་། དུད་ཚང་394དང་མི་1212ལ་བགོ་འགྲེམས་རག་པ་དང་། ཡུལ་དེ་རང་གི་ལས་བཟོའི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་ཟིན་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་ཏན་ཏིག་ཐུབ་ཡོད།

    (མཚམས་གཅོད་དང་དཔའ་མོས་སྒྱུར་ཞུས་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།