དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་སྐྲུན་མགྱོགས་སུ་ཕྱིན་པ།

    དུས་ཚིགས་དང་པོར་རྣམ་གྲངས་15ཁྱོན་ཡོངས་ནས་ལས་གཞུག་མཐུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཉིན་ཤས་བསྟུད་མར། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་གི་ཨར་སྐྲུན་བྱ་ཡུལ་དུ་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། ལྗིད་འདེགས་འཕྲུལ་འཁོར་གྱིས་ལས་མཚམས་མི་འཇོག་པ་དང་། ཨར་སྐྲུན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། ཨར་སྐྲུན་ལས་མིས་ལས་ཡུན་དམ་འཛིན་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་གྲྭའི་མྱུར་ཚད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། མིག་སྔའི་བར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་2026ལོའི་དུས་ཚིགས་དང་པོར་ལས་གཞུག་མཐུད་རྩིས་ཡོད་པའི་རྣམ་གྲངས་15ཚང་མ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་3.53བཏང་ཡོད་པས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་འགྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དེ་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས་རྣམ་གྲངས་སྐྲུན་རིང་གི་ཞིབ་མཆན་འགོད་པ་དང་རྒྱུ་རྐྱེན་གཙོ་བོ་འགན་ལེན་སོགས་ཀྱི་ལས་དོན་ལ་དམ་པོར་དམིགས་ཏེ། ཆེད་དོན་ལས་ཀའི་རྩིས་ཁྲ་བཟོ་བ་དང་། འགན་འཁྲིའི་བྱེད་པོ་ཁ་གསལ་དང་རྣམ་གྲངས་ཀྱི་དུས་བཅད་གཏན་འཁེལ་བྱས་ཡོད་པ་རེད། ལས་དོན་མི་སྣས་རང་འགུལ་ངང་ཁེ་ལས་སུ་བསྐྱོད་དེ་སྔོན་ཚུད་ནས་ཞབས་འདེགས་ཞུས་ཏེ་སྔ་རྗེས་སུ་འགག་རྩའི་གནད་དོན་ཁག་7ལ་མཐུན་སྦྱོར་ཐག་གཅོད་ཀྱིས་རྣམ་གྲངས་བདེ་བླག་ངང་སྐྲུན་པའི་འགོག་རྐྱེན་གཙང་སེལ་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་བརྒྱུད་རིམ་ཧྲིལ་པོའི་རྗེས་སྙེག་ཞབས་ཞུའི་ལམ་སྲོལ་ཁྱབ་གདལ་བཏང་ནས་རྣམ་གྲངས་དོན་འཁྱོལ་བྱེད་པ་ནས་ལས་དོན་ཁག་སྤེལ་རིང་འབྲེལ་མཐུད་དམ་ཟབ་དང་འཁོར་སྐྱོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལོ་ཧྲིལ་པོར་རྣམ་གྲངས་29ལག་ལེན་བསྟར་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་63.79གཏོང་རྒྱུ་དང་ལོ་འཁོར་ལ་མ་འཇོག་སྒོར་དུང་ཕྱུར་27.89ལེགས་སྒྲུབ་བྱེད་རྩིས་ཡོད་པ་རེད། མིག་སྔར་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“འགོ་འཛུགས་མ་ཐག་གདོང་མཆོང་བྱེད་པའི”ངར་ཤུགས་ལ་བརྟེན་ནས་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཕན་ནུས་ལེགས་སུ་གཏོང་བར་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་སྐྲུན་པའི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས། གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།