རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིཌ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོཌ་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་གལ་ཆེ་མཉམ་འཛིན་དང་འཕེལ་རྒྱས་དང་ལྟ་འདོམས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། དགོས་མཁོའི་སྣེ་ཁྲིད་དང་། སྒྱུར་བཅོས་འགག་སྒྲོལ། ཚན་རྩལ་མཐུན་སྦྱོར། སྒོ་དབྱེ་མཉམ་ལས་བཅས་མངོན་གསལ་དོད་དུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིཌ་དེ་ཆེད་ལས་ཅན་དང་རིན་ཐང་འཁོར་འབྲེལ་གྱི་རྩེར་སོན་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་ལ་སྣ་མང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 2030ལོར་སླེབས་སྐབས། ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་100ཡི་སྐས་རིམ་དུ་སླེབས་ནས“ཀྲུང་གོའི་ཞབས་ཞུའི”སྤུས་རྟགས་དེ་བས་མང་བ་སྐྱེད་སྲིང་བྱེད་རྒྱུ་མ་ཟད། ཞབས་ཞུའི་ལས་རིགས་ཀྱི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་མཐུད་ཆེ་རུ་འགྲོ་རྒྱུ་རེད།
《བསམ་འཆར》ནང་བསྟན་དོན། འཁོར་འབྲེལ་ཧྲིལ་པོས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་བཏང་སྟེ། ཚན་རྩལ་ཞབས་ཞུའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཟོག་འགྲུལ་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ། མཁོ་སྤྲོད་འཁོར་འབྲེལ་གྱི་དངུལ་རྩའི་ཆེད་ལས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཚོང་དོན་ཞབས་ཞུའི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་གཙོ་གནད་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ནུས་རིམ་མཐོ་རུ་བཏང་སྟེ། གྲོང་མིར་སྤུས་ལེགས་ཀྱི་ཞབས་ཞུ་སྒྲུབ་མང་དུ་གཏོང་བ་དང་། རྒན་གསོ་དང་བུ་བཅོལ་ཞབས་ཞུའི་འཚམ་མཐུན་ཆུ་ཚད་མཐོ་རུ་གཏོང་བ། བདེ་ཐང་ཞབས་ཞུའི་ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་གཏོང་བ། རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་ཀྱི་ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱེད་དགོས་པ། ཞབས་ཞུའི་ལས་རིགས་ཀྱི་གྲངས་རིག་ཅན་དང་། ཚད་ལྡན་ཅན། མཉམ་འདྲེས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་གྲངས་རིག་ཅན་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་དུ་སྐྲུན་མགྱོགས་སུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་དེ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞིང་ལས་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེ་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་ཁ་གསལ་བཏོན་དོན། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་དང་། ནོར་སྲིད་དངུལ་རྩའི་སྲིད་ཇུས་ཀྱི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་གཉེར་སྐྱོང་བྱེད་པོ་མང་དུ་གཏོང་བ། ཤེས་ལྡན་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་། སྲིད་གཞུང་གི་དཔྱད་ཞིབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ལས་འགན་དང་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ་དང་། སྡེ་ཚན་ཁག་གིས་འགན་འཁྲི་གཞིར་བཟུང་ལས་ཀ་དང་ཁྱབ་ཁོངས་བགོས་ནས་ལས་དོན་རིམ་གྱིས་སྤེལ་བ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།