གློག་ཁང་རྙིང་པ་ཞིག་གི་དར་རྒུད་ལས་འཕྲོས་པའི་བོད་ཀྱི་གློག་ཤུགས་འཕེལ་རྒྱས།

འདི་ནི་སྐྲུན་བཞིན་པའི་རྔ་ཆེན་གློག་ཁང་།

འདི་ནི་ལས་མིས་བདེ་འཇགས་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་རྔ་ཆེན་གློག་ཁང་གི་རྣམ་པ།
རྔ་ཆེན་གློག་ཁང་ནི་དེ་སྔ་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ཤུགས་རྐྱེན་ཧ་ཅང་ཆེ་བའི་གློག་ཁང་རྙིང་པ་ཞིག་རེད། 1960ལོའི་ཟླ་4ཚེས་20ཉིན་རྔ་ཆེན་གློག་ཁང་ནས་གློག་དངོས་སུ་གཏོང་འགོ་ཚུགས་པའི་སྐབས《བོད་ལྗོངས་ཉིན་རེའི་ཚགས་པར》གྱིས་དེའི་སྐོར་གྱི་གནས་ཚུལ་པར་ངོས་གསུམ་བཏོན་ཡོད།
ལོ་66འདས་རྗེས། 《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་ཆེད་དོན་བཅར་འདྲི་ཚོགས་ཆུང་གིས་གློག་ཁང་རྙིང་པ་འདིར་སླར་ཡང་བཅར་འདྲིར་བསྐྱོད་དེ་ལས་མི་400ནས་ལས་མི་4བར་འགྱུར་ལྡོག་ཇི་ལྟར་བྱུང་བའི་སྐོར་བཅར་འདྲི་དང་། དེ་བཞིན་གློག་ཁང་དེ་ཉིད་སྐབས་ཤིག་རིང་འོད་སྟོང་འབར་བ་ནས་ཉམས་རྒུད་དུ་སོང་བ་དང་དེ་ནས་སླར་ཡང་འཕེལ་རྒྱས་གསར་པ་ཕྱིན་པའི་བར་གྱི་ཤུལ་ལམ་སྙེགས་ཏེ། བོད་ཀྱི་གློག་ཤུགས་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་སྟོབས་ཆུང་ནས་སྟོབས་ཆེར་གྱུར་པའི་བར་གྱི་འཕེལ་རྒྱས་ལམ་བུ་འཚོལ་བར་བསྐྱོད་པ་ཡིན།
ཐང་རྒོད་དུ་རྩིག་རྨང་བཏིང་ནས་ས་མཐོར་བཟོ་ལས་ཀྱི་གློག་འོད་དང་པོ་སྤར་བ།
“མི་རིགས་ཁག་གི་མང་ཚོགས་བཞི་སྟོང་ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་གློག་ཁང་གི་མདུན་དུ་འཛོམས་ནས་གངས་ལྗོངས་ས་མཐོ་འདི་ཉིད་སྒྲོན་ཤིང་དང་སྣུམ་བཞུ་སྤོར་བའི་ལོ་རྒྱུས་མཇུག་འགྲིལ་ཏེ་བཟོ་ལས་གློག་ཤུགས་ཀྱི་དུས་རབས་བསུས་པའི་དཔང་པོ་བྱས་ཡོད”ཅེས་ཚགས་པར་རྙིང་པའི་ཐོག་སྤྲོ་སེམས་རབ་ཏུ་འཁོལ་བའི་འཕྲིན་སྤེལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་སྐབས་དེ་བཀོད་ཡོད།
ལོ་རྒྱུས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ལོན་ན། གློག་ཁང་ཞིག་བསྐྲུན་ཐུབ་པ་དེ་ས་མཐོའི་དུས་སྟོན་གཟབ་རྒྱས་ཤིག་ཏུ་བརྩི་དོན་གཞི་ནས་ཤེས་ཐུབ། སྐབས་དེ་དུས་བོད་དུ་བཟོ་ལས་ཀྱི་རྨང་གཞི་ཅི་ཡང་མེད། རྔ་ཆེན་གློག་ཁང་ནི་ཀྲུང་གོ་གསར་པའི་ལོ་ལྔ་ཚན་གཉིས་པའི་འཆར་འགོད་ཀྱི་གློག་ཤུགས་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་ཞིག་དང་། ལྷ་སར་སྐབས་དེ་དུས་གློག་ཚད་སྙོམས་སྒྲིག་ཐུབ་པའི་གློག་ཁང་གཅིག་པུ་དེ་ཡིན་ལ། བོད་ཡོངས་ཀྱི“གློག་ཤུགས་ལྟེ་བ”དེ་བས་ཀྱང་ཡིན།
ལས་སླ་པོར་བྱུང་བ་ཞིག་མིན་པའི་འོད་སྟོང་འདི་སྲུང་ཆེད། གློག་ཤུགས་བཟོ་པ་400ལས་ཆེད་མངགས་བརྟན་སྲུང་དཔུང་ཁག་ཅིག་གྲུབ་ཅིང་། ལས་མི་400དེ་དག་འཁོར་རྒྱུག་ལས་རེས་དང་། སྒྲིག་ཆས་ཉམས་བཟོ། གློག་གཏོང་དཔྱད་ཆས་ཀྱི་སྟོན་གྲངས་བཤུ་བ། གློག་སྐུད་སྐོར་ཞིབ་སོགས་ལས་གནས་བཅུ་གྲངས་ལ་བགོས་ནས་ཉིན་མཚན་རེར་ལས་རེས་ཐེངས་གསུམ་བྱས་ནས་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད། “ལས་ཀ་མང་ཆེ་བ་མིས་བྱེད་དགོས་ཤིང་། ཉིན་མཚན་གང་ཡིན་རུང་ཆུ་ཚོད་རེར་གློག་གཏོང་དཔྱད་ཆས་ཀྱི་སྟོན་གྲངས་ཐེངས་རེ་བཤུ་དགོས་ལ་སྐོར་བཤེར་མཚམས་མི་ཆད་པ་བྱེད་དགོས། སྐབས་དེ་དུས་ལྷ་སའི་གློག་དྲའི་གཞི་ཁྱོན་ཆུང་ལ་གློག་བརྟན་པོ་དེ་ཙམ་མེད་ཅིང་། རྔ་ཆེན་གློག་ཁང་ནི་གློག་ཚད་སྙོམས་སྒྲིག་ཡོད་པའི་གློག་ཁང་གཅིག་པུ་ཡིན་པའི་དབང་གིས། འཁོར་སྐྱོད་པས་ངེས་པར་དུ་སྐོར་བཤེར་ཡང་སེ་དང་འཁོར་རྒྱུག་ཚགས་ཚུད་ཡོང་བར་བྱས་ཏེ་འཐུས་ཤོར་སྤུ་ཙམ་ཡང་མི་ཡོང་བ་བྱེད་དགོས”ཞེས་ལོ་51ལ་སླེབས་པའི་ཉི་མ་ཚེ་རིང་གིས་བཤད་ཅིང་། ཁོང་རྔ་ཆེན་གློག་ཁང་དུ་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་ཡང་སྐབས་དེ་དུས་ཀྱི་གནས་ཚུལ་སྔར་བཞིན་བག་ཆགས་ཧ་ཅང་ཟབ་མོ་ཡོད།
དྲ་བ་སྦྲེལ་ནས་མྱུར་ཚད་མགྱོགས་སུ་ཕྱིན། “གཅིག་པུ”ནས“ཆ་ཤས”སུ་གྱུར་པ།
སྐབས་དེ་དུས“རྔ་ཆེན་གློག་ཁང་བསྐྲུན་པ་དེ་ནི་ནུབ་པ་མེད་པའི་ཉི་མ་ཞིག་དང་འདྲ་བར‘འཛམ་གླིང་ཡང་རྩེའི’སྟེང་གི་ལྷ་སར་འོད་ཟེར་འཕྲོ་བར་བྱས། ཡིན་ནའང་། འདི་ནི་མེས་རྒྱལ་གྱི་ས་ཆ་བོད་ལྗོངས་ཀྱི་གློག་ཤུགས་དང་འཛུགས་སྐྲུན་བྱ་གཞག་གཞན་དག་འཕེལ་རྒྱས་འགྲོ་བའི་འགོ་བརྩམས་པ་ཙམ་ཡིན་པས། དེ་བས་གཟི་བརྗིད་དང་དཀའ་ཚེགས་ཆེ་བའི་འཛུགས་སྐྲུན་གྱི་ལས་འགན་ད་དུང་མུ་མཐུད་སྒྲུབ་དགོས”ཞེས་སེར་པོར་གྱུར་པའི་ཚགས་པར་རྙིང་པའི་ཐོག་དགའ་སྤྲོ་འཁོལ་བའི་རྣམ་པ་ཡོད་ལ་འབད་འབུངས་ཀྱི་ཉམས་འགྱུར་ཡང་ཡོད།
ཚགས་པར་རྙིང་པའི་སྟེང་གི་སྐད་ཆ་དུམ་བུ་འདིས་ཕྱིས་འབྱུང་གི་འཕེལ་རྒྱས་ཤུལ་ལམ་ལ་སྔོན་དཔག་གནད་ལ་འཕིགས་པོ་བྱས་ཡོད།
སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བ་དང་སྦྲགས། བོད་ཀྱིས“ཆུ་གློག་གཙོ་བོར་བྱས་ཏེ་གང་སར་གློག་ཁང་བསྐྲུན་པའི”གློག་ཤུགས་འཛུགས་སྐྲུན་གྱི་བསམ་ཕྱོགས་བཏོན་ཡོད། 1985ལོར། བོད་ཀྱི་ཆན་ཧྥུའུ་110ཟིན་པའི་གློག་ཁང་དང་པོ་དེ་བསྐྲུན་པ་དང་། དེ་རྗེས་ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་དང་ཡར་འབྲོག་གཡུ་མཚོ་ཆུ་འཐེན་ནུས་གསོག་གློག་ཁང་སོགས་གློག་ཁུངས་གཙོ་བོ་ཁག་གཅིག་སྔ་རྗེས་སུ་སྤྱོད་འགོ་ཚུགས་ཤིང་། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ་ལྷ་ས་དང་ལྷོ་ཁའི་གློག་དྲ་སྔོན་ལ་དྲ་སྦྲེལ་ཐུབ་པ་དང་། 2000ལོའི་ལོ་མཇུག་ཏུ་བོད་དབུས་ཀྱི་གློག་དྲ་རྩ་བའི་ཆ་ནས་གྲུབ་པ། 2006ལོའི་ལོ་མཇུག་ཏུ་བོད་དུ“ཆེ་བ་གཅིག་དང་ཆུང་བ་གསུམ”གྱི་ས་ཁོངས་གློག་དྲ་བཞི་གྲུབ་ཡོད།
བོད་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐེངས་མང་བྱས་པ་དང་བསྟུན་ནས་རྔ་ཆེན་གློག་ཁང་གི་ལས་མི་400ནས་རིམ་བཞིན་300བར་ཉུང་དུ་ཕྱིན་པ་དང་། དེ་ནས་ལས་མི་300ནས་200བར་ཉུང་དུ་ཕྱིན་པ། དེ་ནས་རིམ་བཞིན་ལས་མི་100ནས་50དང་20བར་ཉུང་དུ་ཕྱིན་པ་ལ་སོགས་རེད།
དེ་སྔོན་འཕྲུལ་འཁོར་གྱི་ལྡིར་སྒྲ་ཆེ་བའི་བཟོ་གྲྭ་ག་ལེར་ཁ་ཁུ་སིམ་པོར་གྱུར་ཞིང་། མི་ཚེ་གང་པོ་གློག་ཁང་དུ་ལས་ཀ་བྱས་པའི་ཟླ་བ་ཚེ་རིང་སྟོང་ལྷང་ལྷང་གི་བཟོ་ཁང་གི་དཀྱིལ་དུ་ལངས་ནས“སྔོན་མ་འདི་གར་མིས་ཁེངས་པ་དང་འཕྲུལ་འཁོར་གྱི་ལྡིར་སྒྲས་སྐད་ཆའང་གོ་ཡི་མེད། ཕྱིས་སུ་བཟོ་ཁང་དུ་ཁུ་སིམ་དྲགས་ནས་སྐད་ཆའི་བྲག་ཅའང་འཁོར་གྱི་འདུག”ཅེས་ཡིད་མུག་པོས་བཤད་པ་དང་། དེ་འཕྲལ་ཁོང་གིས་འཛུམ་དམུལ་དམུལ་ངང“འོན་ཀྱང་དེ་ནི་བྱ་བ་བཟང་པོ་ཞིག་རེད། ས་ཆ་གཞན་དག་ཏུ་གློག་ཁང་མང་དུ་ཕྱིན་པ་དང་གློག་དྲ་སྟོབས་ཆེ་རུ་ཕྱིན་ནས་ང་ཚོར་རྔ་ཆེན་གློག་ཁང་ཕུད་པའི་ད་དུང་གློག་ཁང་མང་པོ་ཡོད་པ་མཚོན་གྱི་ཡོད”ཅེས་བཤད།
རིག་ནུས་རིམ་སྤོར་བྱས། གློག་ཁང་རྙིང་པས་གཏམ་རྒྱུད་གསར་པ་མུ་མཐུད་རྩོམ་པ།
རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་ཆབས་ཅིག་བོད་ཀྱི་གློག་དྲའང་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ་སྟེ། 2011ལོར་མཚོ་བོད་དྲ་སྦྲེལ་ལས་གྲྭ་སྐྲུན་མཇུག་འགྲིལ་ནས་བོད་ཀྱི་གློག་དྲ་དེ་རྒྱལ་ཡོངས་ཀྱི་གློག་དྲ་དང་སྦྲེལ་མཐུད་ཐེངས་དང་པོ་ཐུབ་པ་དང་། 2014ལོར་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་པ། 2018ལོར་བོད་དབུས་ཀྱི་དྲ་སྦྲེལ་ལས་གྲྭ་སྐྲུན་མཇུག་འགྲིལ་ནས་བོད་འདི་ཉིད་ཆན་ཧྥུའུ་500ཡི་ཚད་བརྒལ་མཐོ་གནོན་དུས་རབས་སུ་སླེབས་པ། 2020ལོར་མངའ་རིས་དྲ་སྦྲེལ་ལས་གྲྭ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་བོད་ཀྱི་གློག་དྲ་ལྗོངས་ཡོངས་ཀྱི“གློག་དྲ་གཅིག”ཏུ་གྱུར་པ་མཚོན་པ་ལ་སོགས། གློག་དྲ་ཆེན་པོ་ས་ཁོངས་ཧྲིལ་པོར་ཤར་གཏོང་ཐུབ་པ་དེས་བོད་ཀྱི་གློག་ཤུགས་སྒྲིག་བཀོད་རིག་ནུས་ཅན་གྱི་རིམ་སྤོར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
2007ལོར་རྔ་ཆེན་གློག་ཁང་གི་ལྟེ་བའི་ཤོང་ཚད་ཆེ་རུ་ཕྱིན་པ་སྟེ། འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་ཚད་ཆན་ཝ་1250ནས་1300བར་ཆེ་རུ་ཕྱིན་པ་དང་། རྩིས་འཁོར་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ལྷན་དུ་བཙུགས་ནས་ཕྱེད་རང་འགུལ་ཅན་གྱི་འཁོར་རྒྱུག་གི་དུས་མཚམས་གསར་པར་སླེབས་ཡོད། 2015ལོར་རྔ་ཆེན་གློག་ཁང་དུ“རྒྱང་ལྔ”ཁྱོན་ཡོངས་ལ་ཁྱབ་པས་ལས་མི་4བར་ཉུང་དུ་ཕྱིན་ཡོད།
སྔོན་ཆད་མི་བརྒྱ་ཕྲག་ཁ་ཤས་ཀྱིས་སོ་སོའི་ལས་གནས་སུ་རང་འགན་གཙང་སྒྲུབ་བྱེད་ཅིང་། ད་ཆ་ལས་ཀ་དེ་དག་ཚང་མ་བརྙན་ཤེལ་ཁ་ཤས་ཤིག་ནས་སྒྲུབ་ཀྱི་ཡོད་པ་དང་། བཟོ་གྲྭར་ཆུ་འཁོར་འཕྲུལ་ཆས་འཁོར་བའི་སྒྲ་མ་གཏོགས་མིའི་སྐད་སྤྱིར་ན་གོ་རྒྱུ་མེད།
ལོ་ཟླའི་འཕེལ་འགྲོས་ལས་རྔ་ཆེན་གློག་ཁང་ནས་གློག་གཏོང་ཚད་རིམ་བཞིན་ཉུང་དུ་ཕྱིན་ནའང་དེའི་རིན་ཐང་སྔར་བཞིན་མ་ཉམས་བརྟན་པོར་གནས་ཡོད། གློག་ཁང་དེ་ནས་སྔར་བཞིན་ལྷ་སའི་གྲོང་ཁུལ་གྱི་ས་ཆ་ཁག་གཅིག་ལ་གློག་གཏོང་གི་ཡོད་པ་དང་། དེའི་ཆུ་མཛོད་ནི་གྲོང་ཁུལ་གྱི་ཆུ་ཀ་ལ་དང་ཉེ་འཁོར་གྱི་འདམ་རའི་སྐྱེ་ཁམས་ཀྱི་ཆུ་ཁུངས་གལ་ཆེན་ཞིག་རེད།
“རྔ་ཆེན་གློག་ཁང་དེ་སྔ་ས་ནས་གློག་ཁང་ཞིག་གི་དངོས་ཁམས་དོན་སྙིང་ལས་བརྒལ་ཡོད། དེ་ནི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་རྒྱུན་མཐུད་ས་ཞིག་རེད”ཅེས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཉི་མ་བཀྲ་ཤིས་ཀྱིས་བཤད། མིག་སྔར་གློག་ཁང་དེ་བཟོ་ལས་ཤུལ་བཞག་ཏུ་དཔྱད་འདེམས་བྱུང་བ་དང་འབྲེལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ཧུར་ཐག་གཏོད་བཞིན་ཡོད།
ལས་མི་400ནས་4བར་འགྱུར་ལྡོག་བྱུང་བ་ནི་གྲངས་ཀ་ཙམ་མ་ཡིན་ཞིང་། གངས་ལྗོངས་ས་མཐོའི་ཁྱོན་ཡོངས་ལ་འོད་སྣང་སྦྱིན་མཁན་གློག་ཁང་རྙིང་པ་དེས་ཕྲག་ཏུ་འཁུར་བའི་འགན་འཁྲི་ལྕི་པོ་རིམ་བཞིན་ནམ་མཁའི་སྐར་ཚོགས་ལྟར་མང་བའི་གློག་ཁང་གསར་པ་དང་འཕྲེད་གཞུང་དུ་སྣོལ་བའི་གློག་ཤུགས་དྲ་སྦྲེལ་ལ་རྩིས་སྤྲད་དེ། སྔོན་ཆད་ཀྱི་ས་མཐོའི“ཉི་མ”འབའ་ཞིག་ནས་སྐར་ཚོགས་འདྲ་འདྲའི་ཁྲོད་ཀྱི་ཐོ་རེངས་སྐར་ཆེན་ལྟ་བུར་གྱུར་ཡོད།
ལོ་ཟླའི་འཕེལ་འགྲོས་ལས་ངོ་མཚར་གྲུབ།
རྔ་ཆེན་གློག་ཁང་ནས་དངོས་སུ་གློག་གཏོང་འགོ་ཚུཌ་པའི་སྐབས་སུ《བོད་ལྗོངས་ཉིན་རེའི་ཚཌ་པར》གྱིས་དེའི་སྐོར་གྱི་གནས་ཚུལ་པར་ངོས་གསུམ་གཏོང་སྤེལ་བྱས་ཡོད། དེའི་རྗེས་ཀྱི་དུས་ཡུན་རིང་པོ་ཞིག་ལ་རྔ་ཆེན་གློག་ཁང་གི་སྐོར་རྟག་ཏུ་ཚགས་པར་གྱི་པར་ངོས་གལ་ཆེན་དུ་བཀོད་ཡོད། ཕྱིས་སུ། གློག་ཁང་ཇེ་མང་དུ་སོང་བ་དང་གློག་དྲ་རིམ་སྤོར་བྱས་རྗེས་ཚགས་པར་གྱི་པར་ངོས་སུ་མིང་གསར་པ་རེ་རེ་ཐོན་པ་སྟེ། “ཡར་འབྲོག་གཡུ་མཚོ་གློག་ཁང”དང་། “འབྲི་གུང་གློག་ཁང” “དངོས་ཨ་ཕྲང་གློག་ཁང” “ཟངས་རི་འོད་ཤུགས་གློག་ཁང” “འོ་མ་དིའུ་སྐེ་རླུང་གློག་ཐང” “ཨ་མདོའི་གཏོར་གཟུགས་འོད་ནུས་ཚ་ནུས་གློག་ཁང”སོགས་རེད། རྔ་ཆེན་གློག་ཁང་སླར་ཡང་གསར་འགོད་པའི་མིག་ལམ་དུ་འཆར་སྐབས་དེ་ཉིད་ཉམས་ལྡན་འཕོ་འགྱུར་བྱུང་ནས་རིག་ནུས་ཅན་གྱི་སྒྱུར་བཀོད་ཟིན་པ་རེད།
མི་400ནས་4བར་ཉུང་དུ་ཕྱིན་པའི་རྔ་ཆེན་གློག་ཁང་གིས་བོད་ཀྱི་གློག་ཤུགས་ཁེར་རྐྱང་འཁོར་རྒྱུག་བྱེད་པ་ནས་ས་ཁོངས་ཡོངས་ལ་ཁྱབ་པ་དང་། མིས་བཀོལ་སྤྱོད་བྱེད་པ་ནས་རིག་ནུས་ལྟ་འདོམས་བྱེད་པའི་བར་གྱི་མཆོང་སྐྱོད་ལ་དཔང་པོ་བྱས་ཡོད། “གློག་ཡོད་པ”ནས“གློག་ཡག་པོ་ཡོད་པའི”བར་དང་། “ཁེར་རྐྱང་འཁོར་རྒྱུག”ནས“གློག་གཙང་ཕྱིར་འདྲེན”བར་བོད་ཀྱི་གློག་ཤུགས་བྱ་གཞག་དེ་བས་གཙང་མ་དང་། དེ་བས་རིག་ནུས། དེ་བས་ཀུན་ཕན་བཅས་ཀྱི་འབྱུང་འགྱུར་ཕྱོགས་སུ་གོམ་སྟབས་བརྟན་པོས་སྐྱོད་བཞིན་ཡོད།
གློག་ཁང་གཅིག་དང་ཚགས་པར་གཅིག་འདི་ལྟར་ཕན་ཚུན་མེ་ལོང་དང་འདྲ་བར་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་དང་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་དཔང་པོ་བྱེད་ཀྱིན་ཡོད།
འབྲེལ་ཡོད་གསར་འགྱུར།