རང་ལྗོངས་ཀྱིས་ཚན་རྩལ་དང་དངུལ་རྩ་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་20བཏོན་པ།
ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་སོགས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་དང་དངུལ་རྩ་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཇུས་གཞིའི》ནང་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས་ལ་གནད་སྨིན་རྒྱབ་སྐྱོར་དང་། ཚན་རྩལ་དང་དངུལ་རྩའི་ཆེད་ལས་ཅན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་དངུལ་རྩར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་དངུལ་རྩའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དམིགས་ནས་ཞིབ་ཕྲའི་བྱེད་ཐབས་ཁག་20བཏོན་ཡོད་པ་རེད།
《ཇུས་གཞིའི》ནང་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ལག་རྩལ་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། བོད་ཀྱི་ཚན་རྩལ་དང་དངུལ་རྩའི་གསར་གཏོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བ། ལས་གཏོད་མ་འཇོག་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཕྱོགས་ལྔ་ནས་དངུལ་རྩའི་སྒྲིག་གཞིས་རྒྱལ་ཁབ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། འཚམ་མཐུན་གྱི་དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་པ། གསར་གཏོད་ཀྱི་སྐར་གསོག་དངུལ་རྩའི་ཁྱབ་ཁོངས་སུ་སྤྱོད་པའི་རྣམ་པ་རྒྱ་ཆེར་གཏོང་བ་བཅས་བྱེད་པ་དང་འབྲེལ་ལས་གཏོད་མ་འཇོག་སྒྲིག་གཞིས་ཚོང་ལས་དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་སོགས་དངུལ་རྩའི་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཚར་ལོངས་དུས་མཚམས་མི་འདྲ་བའི་ཚན་རྩལ་རྣམ་པའི་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ཐད་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཚན་རྩལ་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་དང་། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིས་ཚན་རྩལ་འཐབ་ཇུས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་ཁྲིད་སྟོན། ཚན་རྩལ་འགན་བཅོལ་གྱིས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ། ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་བུན་འཛིན་གྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་སྐྱེད། རྐང་དབང་ཁྲོམ་རས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཐད་ཀྱི་མ་རྩའི་ཁྲོམ་རའི་འགག་རྩའི་ནུས་པ་འདོན་སྤེལ། དཔེ་སྟོན་རང་བཞིན་གྱི་དངུལ་རྩའི་ཚད་ཤིང་གི་སྒྲིག་གཞི་གཏོད་པ། ཁེ་ལས་ལ་“0ནས་1བར”གྱི་ཚད་བརྒལ་དང་དུས་འཁོར་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རོགས་བཅས་བྱེད་རྒྱུ་རེད།
སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད་དངུལ་ལོར་ཡིད་རྟོན་དངུལ་བུན་གྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་སྒྲོལ་མ་དངུལ་དོ་དམ་སྲིད་ཇུས་ཀྱི་སྟབས་བདེ་གངས་ལེགས་སྤྱད་པ། ཚན་རྩལ་ཆ་འཕྲིན་མཉམ་སྤྱོད་དང་མ་དངུལ་མཉམ་འདྲེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་མཉམ་འདྲེས་ཀྱི་ཉེན་ཁ་མཉམ་འཁུར་དང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ། དངུལ་རྩ་གསར་གཏོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།