མྱོང་ཐོག་བདུད་རྩིའི་སྙིང་གཏམ། ལམ་སྟོན་ཡིད་ཀྱི་སྒྲོན་མེ།
བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་ལགས་ལ་བཅར་འདྲི་ཞུས་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
བགྲང་བྱ་བདུན་ཅུའི་ལམ་བུ་ལས། དུས་རབས་འཕོ་འགྱུར་གསལ་ལེར་མངོན། བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་དུས་བཟང་འདིར། སྔར་སོང་གི་ལོ་ཟླར་རྗེས་དྲན་དང་སྦྲགས་གཞོན་སྐྱེས་ཚོའི་ཕྱིས་འབྱུང་གི་གསར་འགྱུར་རྩོམ་སྒྱུར་ལས་ཀར་ཉམས་མྱོང་དང་བསླབ་བྱ་བཟང་པོ་ཐོབ་ཆེད། ངེད་བཅར་འདྲི་ཚོགས་ཆུང་གིས་ཆེད་མངགས་དེ་སྔ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགྱུར་ལས་དོན་ཐད་རིན་བྲལ་གྱི་ལང་ཚོ་ལེགས་སྐྱེས་སུ་འབུལ་མྱོང་བའི་གསར་འགྱུར་ལས་དོན་པ་རྒན་གྲས་ལ་བཅར་འདྲི་ཞུས་པའི་རིམ་སྤེལ་རྩོམ་ཡིག་འདི་ག་ཚགས་པར་གྱི་གཟའ་མཇུག་པར་ངོས་སུ་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དགྱེས་གཟིགས་ཡོད་པ་ཞུ།

འདི་ནི་རྒན་ཡོལ་མ་ཞུས་གོང་གཞི་རིམ་དུ་བཅར་འདྲི་གནང་བཞིན་པ།
བགྲང་བྱ་བདུན་ཅུའི་སྲད་བུར་བརྒྱུས་པའི་འཕོ་འགྱུར་མུ་ཏིག་བཀྲག་མདངས་ཆེ། །འདས་སོང་ལོ་རྒྱུས་ཟིན་ཐོར་འགོད་པའི་འཕྲིན་ལས་བ་དན་ལྷབ་ལྷུབ་གཡོ། །ད་ལོ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐལ་བཟང་རྫོགས་ལྡན་གྱི་དུས་བཟང་ཞིག་ཡིན། ལོ་ངོ་བདུན་ཅུའི་རིང་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ནས་འགན་འཁྲི་ཕྲག་ཏུ་ཁུར་ཏེ། གངས་ལྗོངས་ས་མཐོའི་འཕོ་འགྱུར་རླབས་པོ་ཆེ་རེ་རེ་དང་དུས་རབས་ཀྱི་ལེའུ་གསར་པ་རེ་རེ་ཟིན་བྲིས་སུ་བཏབ་ནས། ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་འཁོར་བའི་དོན་དངོས་ལ་བདེན་དཔང་བྱས།
ལོ་ངོ་བདུན་ཅུའི་དཀྱོག་མཚམས་འདི་ནས། ང་ཚོས་བརྒྱུད་པའི་ལམ་ལ་དྲན་གསོ་དང་། བྱས་པའི་ལས་ལ་ཕྱོགས་བསྡོམས་བྱེད་སླད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་ལགས་སུ་ཆེད་མངགས་བཅར་འདྲི་ཞུ་བར་བསྐྱོད།
ཀུན་གྱིས་མཁྱེན་གསལ་ལྟར། 《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》དང《རྒྱུད་སྐུད་སྟེང་གི་རྣམ་ཤེས》ལ་སོགས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱིས་སྙན་པའི་གྲགས་པ་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་དཔལ་ལྡན་ལགས་ནི་དེ་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་དང་རྩོམ་སྒྲིག་པ། ལོ་ཙཱ་བ་བཅས་ཡིན་པས། ཁོང་གི་ལང་ཚོ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་ཚགས་པར་ལ་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད་ན་སུས་ཀྱང་བསྙོན་པར་དཀའ། མི་ལོ་སུམ་ཅུ་ལྷག་ཙམ་རིང་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་ཚགས་པར་གྱི་ཕྱག་ལས་གནང་ནས་བོད་ཡིག་ཚགས་པར་གྱི་འཕོ་འགྱུར་མང་པོ་དངོས་སུ་བརྒྱུད་པའམ་བཅོས་སྒྱུར་མང་པོའི་ལག་བསྟར་པའི་གྲས་སུ་ཞུགས་པའི་ཁོང་ནི། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་ཚགས་པར་གྱི་འདས་སོང་ལོ་རྒྱུས་ལ་ལྟ་བའི་མེ་ལོང་ཞིག་རང་ལགས།
གསར་འགོད་པ། རྒན་ལགས། ཁམས་བཟང་། དང་ཐོག་རྒན་ལགས་ནས་ཁྱེད་རང་ཐོག་མར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ཕྱག་ལས་སུ་ཕེབས་སྐབས་ཀྱི་མཐོང་སྣང་ཞིག་གསུང་རོགས་གནང་།
བཀྲ་ཤིས་དཔལ་ལྡན། ང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་ལས་ཀར་ཐོག་མར་ཞུགས་སྐབས། བོད་ཡིག་རྩོམ་སྒྲིག་པུའུ་ལ་མི་གྲངས་བཞི་བཅུ་སྐོར་ལས་མེད་ཅིང་། ལོ་མང་པོ་ཞིག་གི་རིང་རྩོམ་སྒྲིག་པ་དང་། ལོ་ཙཱ་བ། གསར་འགོད་པ་བཅས་ཀྱིས་སྨྱུག་ཤོག་ལ་བརྟེན་ནས་རྩོམ་འབྲི་དང་ཡིག་སྒྱུར་བྱེད་དགོས་པས། ལས་འགོར་ཤིན་ཏུ་ཆེ་ལ། དེ་བས་ཀྱང་ཚགས་པར་གྱི་པར་ངོས་ཚང་མ་ཞ་ཉེའི་ཡི་གེ་སྒྲིག་སྒྲུག་བྱས་ཏེ་བཟོ་དགོས་ཀྱི་ཡོད་པས་དཀའ་ཚེགས་ཧ་ཅང་ཆེན་པོ་རེད།
ད་ལྟ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡིད་ལ་གསལ་ལེར་དྲན་པ་ནི། ཐོག་མར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གཞུང་ལས་ཁང་དུ་བསྐྱོད་པའི་རྣམ་པ་དེ་ཡིན། དེ་དུས་ལས་བྱེད་པ་མི་རེ་ངོ་རེ་ནི་ལས་ལ་སྤྲོ་སྣང་གིས་ཁེངས་པ་དང་། གསར་འགྱུར་འཕྲིན་རྩོམ་དག་ཀློག་པ་པོ་ཁྲི་སྟོང་མང་པོའི་སྤྱན་སྔར་འབུལ་ཆེད་འབད་པ་ལྷུར་ལེན་གནང་བཞིན་པའི་ཧུར་སེམས་དང་ཆོད་སེམས་དེས་ང་རང་གིས་དཀའ་སྤྱད་འབད་བརྩོན་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་།
གསར་འགོད་པ། རྒན་ལགས་ཁྱེད་རང་ཚགས་པར་ལས་ཁུངས་སུ་སླེབས་རྗེས་བརྒྱུད་མྱོང་བའི་ཚགས་པར་པར་འདེབས་ལག་རྩལ་ཐད་ཀྱི་འཕོ་འགྱུར་ཆེ་ཤོས་དེ་ག་རེ་ཡིན་ནམ།
བཀྲ་ཤིས་དཔལ་ལྡན། དེ་ཡང་། ཐོག་མར་1994ལོར་ཚགས་པར་གྱི་པར་འདེབས་ལག་རྩལ་ཐད། ཞ་ཉེ་དང་མེའི་ལག་རྩལ་ལ་གྱེས་ཕྱག་ཞུས་ཏེ་འོད་དང་གློག་གི་ལག་རྩལ་ལ་བསུ་མ་ཞུས་པ་དེ་རེད། དེ་ནི་ཚགས་པར་བཏོན་ནས་ལོ་ངོ་བཞི་བཅུར་ཉེ་བ་སོང་རིང་གི་ལག་རྩལ་གྱི་འགྱུར་ལྡོག་ཆེ་ཤོས་དེ་ཡིན་ལ། འགྱུར་ལྡོག་དེས་ཚགས་པར་པར་འདེབས་ལག་རྩལ་དེང་རབས་ཅན་ལ་འགྱུར་བར་ནུས་པ་ཆེན་པོ་ཐོན་ཡོད།
ཚགས་པར་པར་ངོས་ཀྱི་སྒྱུར་བཅོས་ངོས་ནས་ཞུས་ན། 2006ལོའི་ཟླ4ཚེས22ཉིན་ནས་སྤྱོད་འགོ་ཚུགས་པའི་བོད་ཡིག་ཚགས་པར་གྱི་པར་ངོས་ནི་སྒྱུར་བཅོས་མཐར་ཕྱིན་ཤོས་དང་། ཤུགས་རྐྱེན་ཟབ་ཤོས་ཤིག་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཏང་ཨུད་ཀྱི་ཐད་ཀའི་མཛུབ་ཁྲིད་འོག ལོ་དེར་བོད་ཡིག་རྩོམ་སྒྲིག་ཁང་གིས་བོད་ཡིག་ཚགས་པར་གྱི་གསར་འགྱུར་འགོད་ཕྱོགས་དང་། པར་ངོས་སྒྲིག་བཟོའི་ཐད་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། ནང་དོན་འགོད་ཕྱོགས་ཐད་བོད་ཡིག་ཚགས་པར་གྱི་ཀློག་པ་པོའི་དགོས་མཁོ་དང་། བོད་ཡིག་ཚགས་པར་གྱི་ཤོང་ཚད་སོགས་དམིགས་བསལ་ཁྱད་ཆོས་ལ་གཞིགས་ནས། ཚགས་པར་གྱི་ནང་དོན་འགོད་སྐབས་སྙིང་བཏུས་དང་། བསྐྱར་དུ་རྩོམ་སྒྲིག་བྱས་པས། བོད་ཡིག་ཚགས་པར་གྱི་ནང་དོན་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་དེ་བས་མཐུན་པ་དང་། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པ། བོད་ཡིག་གསར་འགྱུར་ཀློག་པ་པོའི་དགོས་མཁོ་དང་མཐུན་པ་བྱུང་ཡོད། དེ་བཞིན་ཚགས་པར་གྱི་པར་ངོས་སྒྲིག་ཕྱོགས་ཐད་བློ་བསྡུས་དགེ་འཚོལ་དང་། ལེགས་ཆ་དང་ལེན། ལག་རྩལ་གསར་པ་བེད་སྤྱོད་གང་ལེགས། སྒྲ་སྦྱོར་ཡི་གེའི་ཁྱད་ཆོས་ལ་གཞིགས་ཏེ་ཚགས་པར་གྱི་རྩོམ་ཡིག་རེ་རེར་རང་ཚུགས་ཀྱི་ས་ཁོངས་རེ་དབྱེ་བ་དང་། ཁ་བྱང་ཡོངས་རྫོགས་འཕྲེད་སྒྲིག་ལ་བསྒྱུར་བ་དེས། ཚགས་པར་གྱི་ཤོང་ཚད་ཆེ་རུ་ཕྱིན་པ་དང་། པར་ངོས་ཀྱི་མཛེས་ཆ་དོད་དུ་ཕྱིན་པ། ཀློག་པ་པོའི་ལྟ་ཀློག་གི་གོམས་གཤིས་དང་མཐུན་པ་བཅས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཐོན་ཡོད།
གསར་འགོད་པ། ད་ལྟ་ཡིན་ན་སྨྱན་སྦྱོར་གསར་པ་ཧ་ཅང་དར་བཞིན་པའི་དུས་སྐབས་ཤིག་རེད། རྒན་ལགས་ཁྱེད་རང་ནི་སྲོལ་རྒྱུན་སྨྱན་སྦྱོར་ནས་སྨྱན་སྦྱོར་གསར་པའི་འགྱུར་ལྡོག་དེ་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད། རྒན་ལགས་ནས་སྲོལ་རྒྱུན་སྨྱན་སྦྱོར་ནས་སྨྱན་སྦྱོར་གསར་པར་འགྱུར་ལྡོག་ཇི་ལྟར་བྱུང་ཚུལ་སྐོར་ཞིག་གསུང་རོགས་གནང་།
བཀྲ་ཤིས་དཔལ་ལྡན། སྲོལ་རྒྱུན་སྨྱན་སྦྱོར་ནས་སྨྱན་སྦྱོར་གསར་པའི་བར་གྱི་འགྱུར་ལྡོག་ཐད་ནས་གླེང་ན། དང་ཐོག་མ་ནི་ཤོག་ཐོག་ཚགས་པར་ནས་དྲ་ཐོག་གི་གསར་འགྱུར་སྤེལ་གཏོང་མངོན་འགྱུར་བྱུང་བ་དེ་རེད། 2004ལོའི་ཟླ4པར་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་48འཁོར་བའི་སྐབས་སུ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དངོས་སུ་ཤར་གཏོང་བྱེད་འགོ་ཚུགས་པ་དེས་རྣམ་ཀུན་ཚགས་པར་གྱི་གསར་འགྱུར་མགྱོགས་ན་ཉིན་གཉིས་པར་ལྟ་ཐུབ་པ་དང་། འགོར་ན་ཟླ་ཕྱེད་དང་། ཐ་ན་ཟླ་བ་གཅིག་སོང་རྗེས་གཞི་ནས་ལྟ་ཐུབ་པའི་གནས་ཚུལ་ལ་འགྱུར་ལྡོག་མཐར་ཕྱིན་པ་བྱུང་ནས་ཚགས་པར་གྱི་ནང་དོན་དང་། གློག་རྡུལ་ཚགས་པར་ཉིན་དེ་རང་ལ་ཀློག་པ་པོའི་སྤྱན་སྔར་བསྟར་ཐུབ་པས། དེ་ནི་བོད་ཀྱི་གསར་འགྱུར་བྱ་གཞག་ལ་མཚོན་ན། མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་རླབས་ཆེན་ཞིག་རེད།
མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་ཐེངས་གཉིས་པ་ནི་སྐད་འཕྲིན་འཕྲིན་སྟེགས་སུ་གསར་འགྱུར་གཏོང་ཐུབ་པ་དེ་རེད། ང་ཚོ་བོད་ཡིག་ཚགས་པར་གྱི་གསར་འགྱུར་ལ་མཚོན་ན། 2015ལོའི་ཟླ3ཚེས4ཉིན་ནི་ཚགས་པར་གྱི་ལོ་རྒྱུས་ཟིན་ཐོར་འགོད་རིན་ཡོད་པ་ཞིག་རེད། སྐབས་དེ་དུས་སྐད་འཕྲིན་དར་མ་ཐག་ཡིན་པ་དང་། བོད་ཡིག་གི་སྐད་འཕྲིན་འཕྲིན་སྟེགས་ཧ་ཅང་ཉུང་། དེ་བས་ཀྱང་གཞུང་ཕྱོགས་གསར་འགྱུར་ལས་ཁུངས་ལ་མཚོན་ན། བོད་ཡིག་གི་འཕྲིན་སྟེགས་གཅིག་ཀྱང་མེད་པའི་གནས་ཚུལ་འོག ང་ཚོ་བོད་ཡིག་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད། ཚགས་པར་ལས་ཁུངས་ནས་ཨང་དང་པོར་ཚགས་པར་དང་། དྲ་ཚིགས་ཀྱི་སྟོབས་ཤུགས་མཉམ་འདྲེས་དང་གཅིག་ཏུ་བསྒྲིལ་ཏེ། ལྗོངས་ཡོངས་ཀྱི་གཞུང་ཕྱོགས་བོད་ཡིག་སྐད་འཕྲིན་འཕྲིན་སྟེགས་ཐོག་མ་དེ་གཏོད་པ་དང་། ལོ་དེའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཉིན་དེ་རང་ལ་ཀློག་པ་པོའི་སྤྱན་སྔར་བསྟར་ཐུབ་པ་རེད། སྐབས་དེ་དུས་བོད་ཡིག་སྨྱན་སྦྱོར་གསར་པ་ཞེས་པ་དེ་ང་ཚོའི་ངོས་ནས་བརྗོད་ན་ཐ་སྙད་གསར་རྐྱང་ཞིག་སྟེ། ལས་གནས་དེར་གསར་འགྱུར་གྱི་ཟབ་གསལ་མྱུར་གསུམ་གྱི་ཁྱད་ཆོས་ལྡན་དགོས་པ་གང་ཞིག ཆབ་སྲིད་ཀྱི་བྱང་ཚད་མཐོན་པོ་དགོས་པ་ནི་ཨ་ཅང་བརྗོད་མེད་དང་། དེ་ནས་ནང་དོན་དང་། ཁ་བྱང་། དག་ཆ་སོགས་ཀྱི་བླང་བྱ་ཤིན་ཏུ་མཐོ་བའི་ཁར། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཀློག་པ་པོ་མང་དུ་གཏོང་བའི་ཐབས་ལའང་མཐོང་ཆེན་པོ་བྱེད་དགོས་པ་ནི་ལས་རིགས་འདིའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། ལྷག་པར་དུ། བརྙན་ལམ་སྒྲིག་སྦྱོར་དང་སྒྲ་འཇུག་བྱེད་སྐབས། བརྙན་དང་སྒྲ་དྲས་སྒྲིག་དང་། སྐད་གདངས་མཐོ་དམན་སྙོམས་སྒྲིག་བྱེད་སྟངས་སོགས་ལའང་ཉིན་གཅིག་ལ་དཔེ་བླངས་པ་བཞིན་རང་ནུས་ཅི་ལྕོགས་ཀྱིས་གང་ཡག་གང་ལེགས་ཡོང་བར་བྱེད་དགོས་པ་དེ་རྒྱུན་འཇགས་སུ་གྱུར། དེ་ནས་ད་བར་སྨྱན་སྦྱོར་མཉམ་འདྲེས་དང་། སྨྱན་སྦྱོར་འདུས་གྲུབ་སོགས་སྨྱན་སྦྱོར་གསར་པ་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ནས། ད་ཆ་མི་ཐབས་རིག་ནུས་སྤྱོད་པའི་གནས་སྐབས་སུ་སླེབས་ཡོད་པས། དེ་ནི་བློར་མི་ཆུད་པ་ཙམ་རེད། འོན་ཀྱང་གོམ་པ་དང་པོ་དེ་སྤོ་བར་སྐབས་དེའི་ཁོར་ཡུག་དང་ཆ་རྐྱེན་གྱི་འོག་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ནའང་། ང་ཚོས་གོམ་པ་དང་པོ་དེ་སྤོས་པ་དང་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་ཡོད།
གསར་འགོད་པ། རྒན་ལགས་ནས་སྲོལ་རྒྱུན་སྨྱན་སྦྱོར་ནས་སྨྱན་སྦྱོར་གསར་པའི་བར་གྱི་འགྱུར་ལྡོག་དང་། ལྷག་དོན་དུ་སྨྱན་སྦྱོར་གསར་པར་ལྡན་པའི་དགེ་མཚན་གསལ་པོ་ཞིག་གསུངས་གནང་སོང་། བྱས་ན་དེང་གི་ཆར་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་གོམ་པ་མཉམ་གཤིབ་ཚུལ་གྱིས་འཕེལ་རྒྱས་གཏོང་དགོས་ན། སྨྱན་སྦྱོར་ལས་དོན་པར་འཕྲད་སྲིད་པའི་འགྲན་སློང་ཆེ་ཤོས་དེ་གང་ཡིན་ནམ།
བཀྲ་ཤིས་དཔལ་ལྡན། རིག་ནུས་ལག་ཐོགས་ཁ་པར་གློ་བུར་དུ་ཐོན་པ་དང་། དེ་འབྲེལ་གྱི་འཕྲིན་ཐུང་དང་། སྐད་འཕྲིན། ཁྱུག་དབྱིངས་སོགས་དུས་ཡུན་ཐུང་ངུའི་ནང་གཅིག་མཇུག་གཉིས་མཐུད་དུ་ཐོན་སྐབས། སྲོལ་རྒྱུན་སྨྱན་སྦྱོར་རམ་ཚགས་པར་གྱི་འཕེལ་ཕྱོགས་དེ་དང་མ་བསྟུན་ཐབས་མེད་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། དེར་བརྟེན། སྐབས་དེ་དུས་ང་ཚོས་འབྲེལ་ཡོད་བོད་ཡིག་མཉེན་ཆས་གསར་གཏོད་ཐད་འབོད་སྐུལ་བྱས་པ་དང་། བོད་ཡིག་ཡིག་གཟུགས་ལག་ཐོགས་ཁ་པར་ཐོག་སྤྱོད་ཐུབ་མ་ཐག་རང་འགུལ་ངང་སྨྱན་སྦྱོར་གསར་པ་བེད་སྤྱོད་དང་ལག་ལེན་བྱས་ཏེ་ཤོག་ཐོག་གསར་འགྱུར་ལྟ་མཁན་ཇེ་ཉུང་དུ་འགྲོ་བའི་སྟོང་ཆ་གསབ་ཐབས་བྱས་པ་ཡིན། སྐབས་དེ་དུས་ང་ཚོ་སྨྱན་སྦྱོར་གསར་པར་ཞུགས་སྐབས་དང་མི་འདྲ་བར། ད་ཆ་མཉེན་ཆས་གང་དགོས་ཅི་དགར་བེད་སྤྱོད་བྱས་ཆོག་ལ། ཐ་ན་མི་ཐབས་རིག་ནུས་ཀྱང་བཀོལ་སྤྱོད་བྱས་ཆོག དེས་ན། ད་ཆའི་འགྲན་སློང་ཆེ་ཤོས་ནི་སྨྱན་སྦྱོར་ལས་དོན་པའི་འདུ་ཤེས་ཀྱིས་ལག་རྩལ་གསར་པའི་རྗེས་མི་ཟིན་པ་དང་། དུས་རབས་ཀྱིས་སྣང་མེད་ངང་དོར་བར་སྙམ་པའི་སེམས་ཁྲལ་གྱི་འདུ་ཤེས་ཟབ་མོ་མེད་པས་འཚོལ་ཞིབ་དང་གསར་གཏོད་མི་ཐུབ་པ་དེ་རེད་བསམ་གྱི་འདུག དེར་བརྟེན། གསར་འགྱུར་ལས་དོན་པའི་འདུ་ཤེས་ངེས་པར་དུ་ལག་རྩལ་གསར་པའི་རྗེས་ཟིན་པ་ཞིག་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་སྟེ་རང་རེའི་སྲོལ་རྒྱུན་སྨྱན་སྦྱོར་གྱི་ལུས་པོ་ལ་དུས་རབས་ཀྱི་རྣམ་ཤེས་ཞུགས་ཐུབ་པ་བྱེད་རྒྱུ་དེ་ནི་འགག་རྩ་རེད་སྙམ།
གསར་འགོད་པ། རྒན་ལགས་ནས་གསུངས་པ་ད་ག་རང་རེད། ང་ཚོ་སྲོལ་རྒྱུན་སྨྱན་སྦྱོར་ནས་རྩ་བ་ཚུགས་པའི་གསར་འགྱུར་ལས་དོན་པ་ཞིག་གི་ངོས་ནས་བཤད་ན། འདས་སོང་གི་གྲུབ་འབྲས་ལ་བློ་ཡིད་ཚིམ་ནས་མ་བསྡད་པར་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་རང་ངོས་ཀྱི་འདུ་ཤེས་དང་བྱང་ཚད་གོང་མཐོར་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་རང་རེད་བསམ་གྱི་འདུག རྒན་ལགས་ཁྱེད་ཚོའི་དུས་སྐབས་སུ་སྲོལ་རྒྱུན་སྨྱན་སྦྱོར་ནས་སྨྱན་སྦྱོར་གསར་པའི་ཕྱོགས་སུ་བསྐྱོད་པའམ་ཡང་ན་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་ཟུང་འབྲེལ་གྱིས་གསར་འགྱུར་སྤེལ་གཏོང་བྱེད་པའི་རྣམ་པ་གསར་པ་ཞིག་གི་སྒོ་མོ་ཕྱེ་བ་རེད། ང་ཚོ་ཕྱི་རབས་པས་རྒན་ལགས་ཁྱེད་ཚོས་བཤངས་པའི་ལམ་བུ་དེའི་སྟེང་དུ་མུ་མཐུད་བསྐྱོད་ནས་མང་ཚོགས་ཀྱི་གསར་འགྱུར་ལྟ་བའི་དགོས་མཁོ་གསར་པ་སྐོང་དགོས་ན། སྲོལ་རྒྱུན་བཟང་པོ་གང་འདྲ་ཞིག་རྒྱུན་འཁྱོངས་བྱེད་དགོས་སམ།
བཀྲ་ཤིས་དཔལ་ལྡན། ང་རང་ནི་གངས་ལྗོངས་ས་མཐོར་བོད་ཡིག་སྨྱན་སྦྱོར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་ཞིང་རྒྱས་པའི་གོམ་སྟབས་དང་འགྲོགས་ནས་ཡོང་ཡོད་ལ། མིག་མཐོང་ལག་ཟིན་གྱི་འབྲས་བུ་ཐོབ་ཡོད་ཅེས་བརྗོད་ན་མི་ཆོག་པ་མེད་བསམ་གྱི་འདུག དེ་བས་བརྒྱུད་རིམ་དེའི་ནང་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ནི་གངས་ལྗོངས་ས་མཐོའི་སྨྱན་སྦྱོར་ལས་རིགས་ཀྱི་སྣེ་ཁྲིད་པ་ཞིག་དང་འདྲ་བར། མདུན་སྐྱོད་ཀྱི་ལམ་སྟོན་དང་སྣེ་ཁྲིད་བྱས་ནས། ཕན་ཚུན་གཅིག་ཕན་གཅིག་རོགས་དང་། ཕྱར་བ་གྲུ་འདེགས། ལག་གདང་དཔུང་སྦྲེལ་བཅས་ཀྱི་ཐོག་ནས་བོད་ཡིག་སྨྱན་སྦྱོར་གྱི་འཕྲིན་ལས་མཉམ་དུ་བསྐྱངས་པ་དང་། བརྒྱུད་རིམ་དེའི་ནང་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་གསུང་སྒྲ་བོད་འབྲེལ་གྱི་ས་ཁུལ་དུ་བརྒྱུད་སྒྲོག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་རང་ནི་དེ་ལྟ་བུའི་འབད་འཐབ་ཀྱི་ལམ་བུ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བདེན་དཔང་བྱེད་མཁན་གྱི་གྲས་ཤིག་ཏུའང་གྱུར་ཡོད།
ད་ལོ་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70སོང་ཟིན་པ་དང་། བོད་ཡིག་སྐད་འཕྲིན་འཕྲིན་སྟེགས་བཏོན་ནས་ལོ་བཅུ་གཅིག་ཕྱིན་ཟིན་འདུག དེའི་རིང་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་ཏང་དང་རྒྱལ་ཁབ་ཀྱི་གསུང་སྒྲ་དང་། དུས་རབས་འཕེལ་རྒྱས་ཀྱི་དུང་བརྡ། ལོ་རྒྱུས་ཀྱི་ཟིན་ཐོ། མི་དམངས་ཀྱི་སེམས་གཏམ་སྒྲོག་མཁན་བཅས་ཀྱི་མཚོན་རྟགས་གལ་ཆེན་གྱི་ནུས་པ་བཏོན་ཡོད། ཡང་སྒོས་ལོ་ངོ་70ཡི་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱིས་རང་རྒྱལ་གྱི་བོད་ཡིག་སྨྱན་སྦྱོར་གྱི་བྱ་གཞག་གོང་འཕེལ་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ལ། དེའི་ནང་སྨྱན་སྦྱོར་བ་མི་རབས་མང་པོའི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད། སྲོལ་རྒྱུན་སྨྱན་སྦྱོར་གཉེར་མཁན་ནས་སྨྱན་སྦྱོར་མཉམ་འདྲེས་དང་། སྨྱན་སྦྱོར་གསར་པར་བསྐྱོད་པའི་བར་ལ། ད་ལྟ་སྨྱན་སྦྱོར་གྱི་མི་རབས་གསར་རྐྱང་ཞིག་བརྗེས་ཟིན་པ་རེད། སྨྱན་སྦྱོར་གྱི་ལག་རྩལ་དང་། སྨྱན་སྦྱོར་གྱི་མཚོན་སྟངས། ཀློག་པ་པོའི་དགོས་མཁོ་སོགས་གང་ཅིའི་ཐད་ད་ཆ་སྲོལ་རྒྱུན་སྨྱན་སྦྱོར་དང་མི་འདྲ་བའི་ཁྱད་ཆོས་ཧ་ཅང་མང་པོ་ཡོད་པ་རེད། འོན་ཀྱང་གངས་ལྗོངས་ས་མཐོར་ཏང་གི་སྨྱན་སྦྱོར་གཉེར་མཁན་ཞིག་གི་ངོས་ནས་བཤད་ན། དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་གླེང་ཕྱོགས་ ཀྱི་ཁ་ཕྱོགས་ཨང་དང་པོར་འཇོག་དགོས་པ་དང་། ཚགས་པར་ལས་ཁུངས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག དུས་རབས་གསར་པའི་འཕེལ་རྒྱས་མྱུར་བའི་གོམ་སྟབས་ཁྲོད་ལག་རྩལ་གསར་པ་འཚོལ་ཞིབ་དང་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ། སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས། ངའི་ངོས་འཛིན་ལྟར་ན། ཁ་ཕྱོགས་འཕྱུགས་པ་མེད་པ་དང་། དཀའ་སྤྱད་འབད་བརྩོན། རྒྱུན་ཆད་མེད་པར་གསར་གཏོད་མདུན་སྐྱོད་བཅས་ཀྱི་རང་རེའི་ཚགས་པར་གྱི་ལྟེ་བའི་ཁྱིམ་སྲོལ་དང་སྙིང་སྟོབས་ཀྱི་གཞི་གདན་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་རེད་སྙམ།
གསར་འགོད་པ། མཇུག་ཏུ་རྒན་ལགས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70སོང་བའི་དུས་བཟང་འདིར་སྨོན་ཚིག་ཅིག་གསུང་རོགས་གནང་།
བཀྲ་ཤིས་དཔལ་ལྡན། སླད་ཕྱིན་སྨྱན་སྦྱོར་གསར་པའི་དུས་རབས་ནང་། ཚགས་པར་གྱི་ཤུགས་རྐྱེན་བཟང་པོ་གང་ལེགས་འདོན་པ་དང་། འཚོལ་ཞིབ་དང་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་གཟི་བརྗིད་སླར་ཡང་གཏོད་ཐུབ་པའི་སྨོན་འདུན་ཞུ་གི་ཡིན་ལ། མ་འོངས་པར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བོད་སྐད་སྨྱན་སྦྱོར་གྱི་བྱ་གཞག་དང་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཚན་པ་ཚང་མ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ནང་སྤུས་ཚད་མཐོ་པོའི་ངང་ནས་ཡར་རྒྱས་གོང་འཕེལ་འགྲོ་བའི་སྨོན་འདུན་ཞུ་གི་ཡིན།
འབྲེལ་ཡོད་གསར་འགྱུར།