བོད་ཀྱིས་ཁྱད་ལྡན་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ།
ཟླ་བཞི་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་རི་ཀླུང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས། རི་ཚོགས་ཀྱི་པང་ན་དེང་རབས་ཅན་གྱི་ཀུའེ་ཉ་གསོ་ཚགས་ར་བ་འདྲེན་བྱེད་ལམ་དུ་མངོན། གྲོ་མོ་སྨད་ཤང་བྱེ་མ་གྲོང་ཚོའི་ཡུལ་མི་སྐལ་བཟང་ཟླ་བ་ད་ཆ་ཀུའེ་ཉ་གསོ་ཚགས་ལག་རྩལ་གྱི་རྐང་འཛིན་པ་ཞིག་ཏུ་གྱུར།
ཤེས་ལྡན་པ་གཅིག་ཏུ་འདུས། ལག་རྩལ་ནང་འདྲེན་བྱས། གྲོ་མོ་རྫོང་གིས་སྔ་རྗེས་སུ་ཀུའེ་ཉ་མི་ཐབས་འདུལ་གསོ་དང་མི་ཐབས་རྒྱུད་སྤེལ་གྱི་ལག་རྩལ་དཀའ་གནད་བསལ་བ་བརྒྱུད། ཐོན་ལས་རིམ་བཞིན་གཞི་ཁྱོན་ཅན་དུ་གྱུར། “ན་ནིང་ང་ཚོས་ད་དུང་ཐོན་སྐྱེད་བརྒྱུད་རིམ་གསར་པ་བཏོད་རྗེས་ཀུའེ་ཉའི་ཐོན་རྫས་སྣ་ཚོགས་ལས་སྣོན་བྱེད་ཐུབ་སོང”ཞེས་དང“ད་ལོ་ང་ཚོས་ཐད་གཏོང་དྲ་ཚོང་དང་སྤུས་རྟགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཤུགས་རྒྱག་གི་ཡིན”ཞེས་སྐལ་བཟང་ཟླ་བས་འབྱུང་འགྱུར་ལ་རེ་བ་ཆེན་པོ་འཆང་བཞིན་བརྗོད།
2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་། ལྷག་པར་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་དགོས”ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།
ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ནས་སོན་ཐོན་ཁུངས་སྲུང་སྐྱོང་རྟེན་གཞིར། ཚན་ཞིབ་མི་སྣས་ས་གནས་དེ་གའི་ཞིང་པ་དང་མཉམ་དུ་ནས་འདེབས་འཛུགས་ཀྱི་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱེད་བཞིན་ཡོད།
“སྔོན་ཆད་དེ་གར་ནས་སོན་ཐོན་ཁུངས་ཁག་4000ཙམ་གསོ་སྤེལ་བྱས་པ་དེས་རྒྱལ་ཁབ་སོན་མཛོད་ནང་ཉར་ཚགས་བྱས་པའི་ནས་སོན་བསྡོམས་འབོར་གྱི་བཅུ་ཆ་དྲུག་ཡན་ཟིན་གྱི་ཡོད”ཅེས་དང“ང་ཚོས་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བའི་སར་ཐན་འགོག་དང་། ནད་འགོག ཐོན་མཐོ་བཅས་ཀྱི་སོན་བཟང་འདེམས་གསོ་བྱེད་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་བརྗོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཚོད་ལྟའི་དྲོད་ཁང་ནང་ལས་ཀ་བྱེད་བཞིན་ཡོད་པའི་ཧྲན་ཏུང་གི་བོད་སྐྱོར་ལག་རྩལ་ཤེས་ལྡན་པ་ལི་ཀོང་ཧུའེ་ཡིས“ང་ཚོས་ཧྲན་ཏུང་ནས་ནང་འདྲེན་དང་ས་གནས་དེ་གར་རྒྱུད་འདྲེས་འདེམས་གསོ་བྱས་ཏེ། ས་གནས་དེ་གར་འཚམ་པའི་ཐོན་འབབ་མཐོ་ཞིང་སྤུས་ཀ་དག་པའི་འདམ་མྱུག་གི་སོན་བཟང་ཞིབ་འཇུག་གསར་སྤེལ་བྱེད་འདོད་བྱུང”ཞེས་བརྗོད།
འདམ་མྱུག་ཕུད་ད་དུང་ཧོང་ཀྭ་དང་། སུར་པན། ཀྲོ་མ་ཀྲུ་སོགས་ཡོད། “ཕྱོགས་གང་ས་ཅི་ཐད་ནས་ཤུགས་བརྒྱབ་སྟེ་ས་གནས་དེ་གར་མཁོ་སྤྲོད་བྱེད་པའི་སྔོ་ཚལ་སྣ་ཁ་སྔར་བས་འཛོམས་སུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་དེ་བས་ལེགས་པའི་སྒོ་ནས་སྐོང་གི་ཡིན”ཞེས་ལི་ཀོང་ཧུའེ་ཡིས་བརྗོད།
ས་བོན་བཟང་པོ་དང་། གོ་སྐབས་བཟང་པོ། ཐབས་ཤེས་བཟང་པོ། ལམ་སྲོལ་བཟང་པོ་བཅས་ཀྱིས་མཉམ་དུ་ཤུགས་བརྒྱབ་པས། བོད་ཀྱི་ལོ་ཏོག་གཙོ་བོའི་སོན་བཟང་ཁྱབ་ཚད་95%ལྷག་ཙམ་ཟིན་ཡོད།
རྒྱུན་མཐུད་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་དུད་ཕལ་པར་ཐོན་འབབ་དང་ཡོང་འབབ་མང་དུ་འགྲོ་བར་རོགས་རམ་བྱས་པ།
“དྲོད་ཁང་ཆེན་པོ་གསུམ་གྱི་ནང་ཚལ་ཤིས་ལན་ཧྭ་བཏབ་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6རག་གི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཞིང་པ་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོས་བརྗོད། དེ་སྔོན། ཁོང་གིས་པད་ཚལ་དང་ལ་ཕུག་བཏབ་པ་དག་ཐོན་འབབ་ཉུང་ལ་རིན་གོང་དམའ་བས། སྐབས་གཅིག་རིང་མ་རྩའང་ལོག་ཁག་པོ་ཡོད།
བསྟན་འཛིན་གྱིས་ཚལ་ཤིས་ལན་ཧྭ་བཏབ་པ་ནས་བཟུང་ཡོང་འབབ་མང་དུ་ཕྱིན་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཞིང་ལས་ཚན་རིག་པ་སྐལ་བཟང་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། “སོན་སྤྲད་པ་མ་ཚད་ལག་རྩལ་ཡང་བསླབས་བྱུང་། དཀའ་ངལ་འཕྲད་ན་དམར་ཁྲིད་བྱས་ཏེ་རོགས་རམ་ཡང་བྱེད་ཀྱི་འདུག”ཅེས་དང“ཕྱིས་སུ་སོན་གསར་པ་ཡོད་ན་ངས་ཚང་མ་བཏབ་སྟེ་ཚོད་ལྟ་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་གྱིས་སྐལ་བཟང་ལ་ཡིད་ཆེས་ཆེན་པོ་བྱེད་བཞིན་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱིས་ལོ་རེར་སོན་མྱུག་ཁྲི་10ལྷག་ཙམ་གྲོང་ཁྱེར་ཡོངས་ཀྱི་ཞིང་དུད་ཀྱི་ལག་ཏུ་བསྐྱལ་བ་མ་ཟད། ཁྱིམ་དུ་བསྐྱོད་དེ་ལག་རྩལ་སློབ་ཁྲིད་ཀྱང་བྱེད་ཀྱི་ཡོད། 2025ལོར། བོད་ཀྱིས་ཞིང་འབྲོག་ལས་ཚན་རྩལ་གཤམ་སྐྱོད་ཀྱི་ལག་རྩལ་འགན་གཙང་འགན་ལེན་ལས་དོན་སྤེལ་རྒྱ་ཆེ་རུ་བཏང་ཞིང་། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འགག་རྩའི་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ། ཞིང་འབྲོག་ཚན་རྩལ་མི་སྣ་5000ལྷག་ཙམ་གྱིས་གནད་སྨིན་གོ་ཆོད་ཀྱི་ལག་རྩལ་ཞིང་ནང་དང་། འབྲོག་ར། ཐོན་སྐྱེད་ཀྱི་འཐབ་ས་དང་པོ་བཅས་ལ་བསྐྱལ་བས། ཁྱབ་གདལ་གཏོང་བྱེད་ཀྱི་ལག་རྩལ་གཙོ་བོ་ཁྱབ་ཚད་95%ལྷག་ཙམ་ཟིན་ཡོད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་མུའུ་ཁྲི་3ཙམ་གྱི་ཡུག་འབྲེལ་ཞིང་ཁའི་མཐོངས་སུ་མི་མེད་གནམ་གྲུས་ཞིང་སྨན་གཏོར་བཞིན་ཡོད། “ལོ་དེ་དག་ནང་རྫོང་ཡོངས་ཀྱི་ས་ཆ་མང་ཆེ་བར་མི་མེད་གནམ་གྲུ་བེད་སྤྱོད་བཏང་བས། དུས་ཚོད་དང་མི་ཤུགས་གཉིས་ཀ་གྲོན་ཆུང་ཐུབ་སོང”ཞེས་ལྷུན་རྩེ་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་བཟང་ཚེ་རིང་གིས་བརྗོད།
བོད་ཀྱིས་བྱང་སྐར་མཐའ་སྣེ་དང་རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུ་ཞིང་འཕྲུལ་ཁ་གསབ་ཀྱི་ཁོངས་སུ་བཅུག་ཅིང་། 2025ལོར། རྫོང(ཆུས)46གི་མུའུ(ཐེངས)ཁྲི་20ལ་མི་མེད་གནམ་གྲུས་རྩི་ཤིང་སྲུང་སྐྱོང་ལས་སྒོ་སྤེལ་ཡོད། འདི་ལོ་ཚུན། བོད་ཀྱིས་གཞི་རིམ་གྱི་དགོས་མཁོ་གཞིར་བཟུང་། འདེབས་འཛུཌ་ལས་རིགས་ཁག་10དང་། འབྲོག་ལས་ཁག་10 ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཁག་8 སྐྱེ་ཁམས་ལྗང་མདོག་ཞིང་འབྲོག་ལས་ཁག་8བཅས་དང་འཚམ་པའི་གནད་སྨིན་ལག་རྩལ་གདམ་གསེས་བྱས་ནས། གཞི་རིམ་གྱི་ཞིང་ལས་ཁྱབ་གདལ་གཏོང་བར་སྤྱད་ཡོད།
ལས་སྣོན་ཞིབ་མོའི་ཞན་ཆ་བསལ་ནས་ས་མཐོའི་ཚོང་ཟོག་ལ་རིན་གོང་དེ་བས་མཐོ་པོ་རག་པར་བྱས་པ།
ཉིང་ཁྲིའི་གྲོང་འདབས་སུ་ཡོད་པའི་བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིར་ཀུ་ཤུ་དག་འདེམས་སྒྲུག་འཕྲུལ་འཁོར་ཐོག་བཏང་ནས་འདེམས་སྒྲུག་རྒྱག་བཞིན་ཡོད། “ང་ཚོར་ཐུམ་སྒྲིལ་བརྒྱབ་པའི་ཤིང་ཏོག་སོས་པ་དང་གྲིབ་སྐམ་བཏང་བའི་ཤིང་ཏོག་སྐམ་པོ་སོགས་ལས་སྣོན་དངོས་རྫས་སྣ་ཚོགས་ཡོད”ཅེས་ཀུང་སིའི་འགན་འཁུར་བ་ལིན་ཁྲོན་ཆིང་གིས་བརྗོད།
“སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད། ཉིང་ཁྲིས་ཀུ་ཤུའི་ཐོན་ལས་འཁོར་འབྲེལ་ཐོག་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་3སྐྱེད་སྲིང་དང་ལས་སྣོན་ཞིབ་མོའི་ཐོན་རྫས་གསར་སྤེལ་བྱས་ནས་ཀུ་ཤུའི་ཐོན་ལས་སྦྲེལ་ཐག་རིང་དུ་བཏང་ཡོད”ཅེས་དང་། གོམ་སྟབས་རྗེས་མར་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་གྲྭ་དང་སྒྲིག་བཀོད་ཞིང་འབྲོག་ལས་དེང་རབས་ཅན་གྱི་རིམ་སྤོར་བྱ་སྤྱོད་སྤེལ་ནས་ནགས་གསེབ་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ། ཁྱད་ལྡན་འདེབས་འཛུཌ་དང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་རྒྱུ་ཡིན་ཞེས་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཡན་ཤིན་ཧང་གིས་ངོ་སྤྲོད་བྱས།
2025ལོར་བོད་ཀྱིས་ས་ཁོངས་20ཡི་སྤྱི་སྤྱོད་སྤུས་རྟགས་བཏོད་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་96.8ཟིན་ནས་10%ལྷག་ཙམ་འཕར་བ། རིམ་རྩིས་བརྒྱབ་ན“ཐོན་རྫས་གསུམ་དང་ཚད་གཞི་གཅིག”སོགས་ཀྱི་འབྲེལ་ཡོད་ཞིང་ལས་ཐོན་རྫས་514ལ་ཁས་ལེན་དཔང་འདོན་བྱས་པ། ས་གནས་ཀྱི་ཚད་གཞི་60ཁྱབ་བསྒྲགས་བྱས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། བོད་ཀྱིས་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། སོན་ལས་དར་རྒྱས་གཏོང་རྒྱུ་དང་ལྷག་པར་དུ་ནས་དང་། འབྲི་གཡག བཞོན་མ། རྩྭ་ར་བཅས་རྒྱུད་པའི་འབྱུང་ཁུངས་ཆེ་གྲས་བཞིའི་གསར་གཏོད་བྱ་སྤྱོད་སོགས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་དང་མཐོ་རུ་གཏོང་རྒྱུ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ང་ཚོས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ལས་ལ་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུངས།
འབྲེལ་ཡོད་གསར་འགྱུར།