དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཀྱི་གཏེར་ཆུ། ས་མཐོ་ནས་ཐོན་པའི“ཆུ་བཟང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

    འདི་ནི་བོད་ལྗོངས་ལྷ་སའི་ནུབ་ཚུགས་དོས་རར་བཟོ་པས་ལྕགས་ལམ་བརྒྱུད་ཕྱི་ཕྱོགས་སུ་དབོར་འདྲེན་བྱེད་རྩིས་ཡོད་པའི་གཏེར་ཆུ་འབེབས་འཇུག་བྱེད་བཞིན་པ།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཕྱོགས་བཞི་གངས་རིས་བསྐོར་བའི་དབུས་སུ་དེང་རབས་ཅན་གྱི“ཆུའི་བཟོ་གྲྭ”ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་པ་དེ་ལས་གྲགས་ཅན་གྱི་འཁྱགས་རོམ་གཏེར་ཆུ་ཐོན་སྐྱེད་བྱས་ཏེ་རྒྱལ་ཡོངས་སུ་དབོར་འདྲེན་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་ཚྭ་མེད་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་ཚྭ་མེད་ཆུའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5000ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི་16.5%བཟུང་བ་དང་མི་རེའི་ཆ་སྙོམས་ཐོན་ཁུངས་དབང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    རང་བྱུང་གི་ཐོན་ཁུངས་དེར་གཞི་ཚུགས་ནས་བོད་ལྗོངས་ཀྱིས“བོད་ཀྱི་ཆུ་བཟང”ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བསམ་འཆར་སོགས་སྲིད་ཇུས་ཡིག་ཆ་མང་པོ་ཞིག་བཏོན་པ་མ་ཟད་ད་དུང་གྲངས་རིག་ཅན་གྱི་སྒྱུར་བཀོད་དང་། ལེ་ལག་ཚང་བའི་ཁེ་ལས་ནང་འདྲེན། ཁ་གསབ་ཡོད་པའི་ཐོན་རྫས་བོད་ནས་ཕྱིར་གཏོང་བྱེད་པ་སོགས་བརྒྱུད་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། མ་གཅོག་ཕན་འཕར། སྤུས་འདེགས་ནུས་སྐྱེད། འཁོར་འབྲེལ་སྣུར་སྲིང་དང་སྟོབས་ཆེར་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་པ་རེད།

    ད་ཕན་ལོ་ཤས་རིང་། བོད་ཀྱི་རང་བྱུང་འཐུང་ཆུའི་ཐོན་འབབ་ལོར་ཆ་སྙོམས་20%འཕར་བ་དང་ཐོན་སྐྱེད་སྒྲུབ་རིམ་ཁག་60ལྷག་ཙམ་བསྐྲུན་པ། ཐོན་ནུས་ཏུན་ཁྲི་500ལྷག་ཙམ་ཇུས་འགོད་བྱས་པ། རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་56ལ་བཟའ་བཅའི་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་འཁྱེར་རག་ཡོད་པ་རེད།

    ཉིང་ཁྲིར་ས་ཁྱོན་མུའུ་126བཟུང་བའི“ཆུའི་བཟོ་གྲྭ”ཞིག་བསྐྲུན་ནས་འཁོར་རྒྱུག་བྱེད་བཞིན་ཡོད་པ་དང་ཆུ་འགོ་གཉན་ཆེན་ཐང་ལ་ཡིན་པའི་ས་མཐོའི་ཆུ་དེ་གཙང་གསིང་དང་། ཐུམ་རྒྱག མཚོན་རྟགས་སྦྱར་བ་སོགས་ཀྱི་ལས་རིམ་བརྒྱུད་འགྱིམ་དམ་འཐུང་ཆུ་གྲུབ་ཡོད། ནུང་ཧྥུའུ་གཏེར་ཆུ་བཟོ་གྲྭས་བཙུགས་པའི་བཟོ་གྲྭ་དེས་ཐོན་སྐྱེད་སྒྲུབ་རིམ་མང་པོ་འཆར་འགོད་བྱས་པའི་ནང་རང་བྱུང་འཐུང་ཆུ་དང་། ཤིང་འབྲས་ཀྱི་ཁུ་བ། ཇ་རིགས་འཐུང་བྱ་སོགས་རིགས་མང་པོ་ཚུད་པར་ལོའི་ཐོན་ཚད་ཏུན་ཁྲི་59ཟིན་གྱི་ཡོད།

    ཆུའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་དམངས་ཕྱུག་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་སོང་ཞིང་། ཚེ་རིང་དབང་རྒྱལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་དཀར་བ་ཞིག་ཡིན་པ་དང་ད་ཆ་ཡུལ་དེའི་འཐུང་ཆུའི་ཁེ་ལས་སུ་ལས་ཀ་བྱེད་བཞིན་ཡོད། དང་ཐོག་མར་ཁོང་གིས་སྒྲིག་ཆས་སྣ་ཚོགས་བཀོལ་སྤྱོད་གཏན་ནས་ཤེས་ཀྱི་མེད་མོད། ཁེ་ལས་ཀྱིས་ནང་སར་སློབ་སྦྱོང་བྱེད་པར་ཐེངས་མང་བཏང་མཐར་ལག་རྩལ་སྣ་ཚོགས་རིམ་བཞིན་ཁོང་དུ་ཆུད་དེ་བཟོ་པ་དཀྱུས་མ་ཞིག་ནས་ལག་རྩལ་མཁས་པའི་ཐོན་སྐྱེད་ཅིང་ལིར་གྱུར་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གཏེར་ཆུའི་ཐོན་སྐྱེད་ཁེ་ལས་དེས་ཡུལ་དེའི་ཡུལ་མི་95%བསྡུས་ཏེ་དུད་ཚང་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་པར་རམ་འདེགས་བྱས་པ་རེད།

    ད་ཆ་དྭངས་གཙང“བོད་ཀྱི་ཆུ་བཟང”དེ་བོད་ཀྱི་ས་གནས་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་ལས་ཀྱི་སྤུས་རྟགས་ཤིག་ཏུ་གྱུར་ནས་5100དང་། སྐལ་བཟང་ཆུ་མིག སྒྲོལ་མ་ཆུ་མིག ཏཱ་ཀྲའོ་གནས་ཆུ། གངས་རིན་པོ་ཆེ་སོགས་སྤུས་ཚད་མཐོ་བའི་བོད་ཀྱི་ཆུའི་སྤུས་རྟགས་རྣམས་ལ་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད། མིག་སྔར་བོད་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་ཀྱིས་ཐད་ཀར་དང་བར་བརྒྱུད་ཀྱི་སྒོ་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་མ་ཟད་ད་དུང་ཐོན་ལས་དབུལ་སྐྱོར་རམ་ཡང་ན་བགོ་འགྲེམས་བརྒྱབ་པ་བརྒྱུད་མཐའ་འཁོར་གྱི་མང་ཚོགས་ལ་ཕན་འདོགས་བཞིན་ཡོད། སླད་ཕྱིན་ཡུལ་དེས་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་ཏེ། རང་བྱུང་འཐུང་ཆུ་དེ་ཉིད་དམངས་ཕྱུག་དང་ལྗོངས་སྟོབས་ཆེར་གཏོང་བའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཏུ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།