ཧྥི་ལི་ཕིན་དམངས་ཚོགས་ཀྱིས་ཧྥི་ལི་ཕིན་དང་ཨ་རིའི“དཔུང་པ་མཉམ་གཤིབ”ཀྱི་དམག་དོན་ནང་སྦྱོང་ལ་མཉམ་དུ་རྒོལ་གཏམ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཧྥི་ལི་ཕིན་དང་ཨ་རིའི“དཔུང་པ་མཉམ་གཤིབ”ཅེས་པའི་མཉམ་འབྲེལ་དམག་དོན་ནང་སྦྱོང་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འགོ་ཚུགས་ཤིང་། ཉིན་དེར་ཧྥི་ལི་ཕིན་དམངས་ཚོགས་ཀྱིས་ཧྥི་ལི་ཕིན་གྱི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་པུའུ་ཡི་ཕྱི་རོལ་དུ་འདུ་འཛོམས་བྱས་ཏེ། ཧྥི་ལི་ཕིན་དང་ཨ་རིས་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱེད་པར་རྒོལ་གཏམ་བཏང་བ་རེད།
ཉིན་དེའི་སྔ་དྲོར་གསར་འགོད་པར་ས་གནས་ས་ཐོག་ནས་མཐོང་བར། ཧྥི་ལི་ཕིན་དམངས་ཚོགས་བརྒྱ་གྲངས་ཁ་ཤས་ཀྱིས་ཧྥི་ལི་ཕིན་གྱི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་པུའི་ཕྱི་རོལ་དུ་འཛོམས་ཏེ“‘དཔུང་པ་མཉམ་གཤིབ’ཅེས་པའི་དམག་དོན་ནང་སྦྱོང་བྱེད་མཚམས་འཇོག་དགོས”ཞེས་པ་དང་། “ཧྥི་ལི་ཕིན་དུ་ཡོད་པའི་ཨ་རིའི་དམག་དོན་རྟེན་གཞི་བཤིག་དགོས”ཞེས་པ། “ཨ་དམག་གི་དཔུང་སྡེ་དང་འཕུར་མདེལ་ཚང་མ་འཕྲལ་མར་ཕྱིར་འཐེན་བྱེད་དགོས”ཞེས་པ་སོགས་ཀྱི་སྦྱར་ཡིག་འཕྱར་ནས་སྐད་གསང་མཐོན་པོས་དམག་དོན་ནང་སྦྱོང་ལ་ངོ་རྒོལ་བྱེད་པའི་འབོད་ཚིག་བསྒྲགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དམག་དོན་ནང་སྦྱོང་གི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི་1.7ཟིན་རྒྱུ་དང་ཟླ་5ཚེས་8ཉིན་བར་བྱ་རྒྱུ་ཡིན་ཞིང་། ཧྥི་ལི་ཕིན་དང་། ཨ་རི། རི་པིན་སོགས་རྒྱལ་ཁབ་7གྱི་དྲག་ཆས་སྟོབས་ཤུགས་དེའི་ནང་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།