དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ་གསུམ་གྱིས་རྒྱ་ཡིག་དང་འབྲེལ་བའི་ལས་དབང་སྐོར་བརྗོད་པ།

    རྒྱ་ཡིག་ལས་བཀྲག་མདངས་འཚེར་བའི་ཕུགས་འདུན་མངོན་འགྱུར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའེ་ཧོ། ཅང་ཧྥུང་།   |     སྤེལ་དུས།  2026-04-23

    འདི་ལོའི་ཟླ་4ཚེས་20ཉིན་ནི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོ”ཐེངས་བདུན་པ་དེ་རེད། རྒྱ་ཡིག་ལ་རིག་གནས་ཀྱི་ནང་དོན་ཟབ་པ་དང་ཐུན་མོང་མ་ཡིན་པའི་སྐད་ཆའི་ཡིད་དབང་འཕྲོག་ཤུགས་ལྡན་པས། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བས་སློབ་སྦྱོང་དང་བེད་སྤྱོད་བྱེད་བཞིན་ཡོད། མིག་སྔར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་90ཡིས་རྒྱ་ཡིག་འདི་ཉིད་རྒྱལ་དམངས་སློབ་གསོའི་ཁོངས་སུ་བཅུག་ཡོད།

    རྒྱ་ཡིག་ལས་བཀྲག་མདངས་འཚེར་བའི་ཕུགས་འདུན་མངོན་འགྱུར་བྱུང་ཞིང་། སློབ་སྦྱོང་བྱེད་མཁན་ལ་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་བཏོད་པ་དང་། འཛམ་གླིང་ལ་ཀྲུང་གོ་ཤེས་རྟོགས་བྱེད་པའི་འབྲེལ་ཟམ་བསྐྲུན་པ་མ་ཟད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཐུན་མོང་མ་ཡིན་པའི་ཤར་ཕྱོགས་ཀྱི་བློ་གྲོས་ཀྱང་ལེགས་སྐྱེས་ཕུལ་ཡོད། ཉེ་ཆར། རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་རྒྱ་ཡིག་བརྒྱུད་སྤེལ་བ་དང་། ཞིབ་འཇུག་པ། སློབ་སྦྱོང་བ་བཅས་གསུམ་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་ཚོས་རྒྱ་ཡིག་དང་འབྲེལ་བའི་ལས་དབང་སྐོར་ལྷུག་པོར་གླེང་བ་དང་། ཁོང་ཚོས་རྒྱ་ཡིག་གིས་འཛམ་གླིང་ལ་ཀྲུང་གོ་ཤེས་རྟོགས་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་རོགས་བྱེད་པའི་བསམ་གཞིག་མཉམ་སྤྱོད་བྱས་པ་རེད།

    དབྱི་ཐ་ལིའི་ལོ་ཙཱ་བ་ལི་ཧྲ། “ཕུལ་བྱུང་གི་ཀྲུང་གོའི་རྩོམ་རིག་བརྩམས་ཆོས་འགྲེམས་སྤེལ་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད”

    དུས་རབས་གོང་མའི་ལོ་རབས་90པར། ལི་ཧྲ་ལོན་ཏོན་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་སློབ་གླིང་དུ་སློབ་སྦྱོང་བྱེད་སྐབས་རྒྱ་ཡིག་སྦྱོང་མཁན་ཉུང་ཤས་དེ་རིགས་ཀྱི་གྲས་ཡིན་པས། དུས་དེ་ནས་བཟུང་ཁོང་དང་རྒྱ་ཡིག་དབར་ལས་འབྲེལ་ཟབ་མོ་བྱུང་ཡོད།

    ལི་ཧྲ་ཡིས་2003ལོ་ནས་བཟུང་ལོ་ཙཱའི་ལས་ལ་ཞུགས་པ་དང་། ལོ་དེར་ཁོང་གིས་པེ་ཅིང་སན་ལན་ཐའོ་ཧྥེན་དཔེ་ཚོང་ཁང་དུ་མོ་ཡན་གྱི《ཙན་དན་གྱི་ཉེས་ཆད》ཅེས་པ་མཐོང་སྐབས་གྲོགས་པོས་ཉོས་ནས་ཁོང་ལ་སྤྲད་ཅིང་། “སྐབས་དེ་དུས་ངའི་ངོས་ནས་བརྗོད་ན། རྒྱ་ཡིག་དཔེ་དེབ་ལྟ་བ་ནི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད། འོན་ཀྱང་ངས་ཤོག་གྲངས་འགའ་བལྟས་རྗེས་མཚམས་གཏན་ནས་འཇོག་ཐུབ་ཀྱི་མི་འདུག གྲོགས་པོས་ང་ལ་ཁྱོད་དཔེ་དེབ་དེར་དགའ་པོ་འདི་འདྲ་ཡོད་ན་དབྱི་ཐ་ལིའི་ཡི་གེར་མ་བསྒྱུར་བ་གང་ཡིན་ཞེས་བཤད་བྱུང” དེ་ལྟར་ལི་ཧྲ་ཡིས་ཀྲུང་གོའི་རྩོམ་རིག་སྒྱུར་བའི་ལས་ལ་གཞོལ་འགོ་ཚུགས།

    ལོ་ངོ་20ལྷག་ཙམ་རིང་། ལི་ཧྲ་ཡིས་ཀྲུང་གོའི་དེང་རབས་ཀྱི་རྩོམ་རིག་བརྩམས་ཆོས་འབོར་ཆེན་བསྒྱུར་ཡོད། 2014ལོ་ནས་བཟུང་། ཁོང་གིས《མི་དམངས་རྩོམ་རིག》དུས་དེབ་དབྱི་ཐ་ལིའི་ཡི་གེའི་པར་གཞིའི་རྩོམ་སྒྲིག་གི་སྤྱི་ཁྱབ་ལྟ་ཞིབ་པའི་འགན་ཁུར་ནས་ཀྲུང་གོའི་རྩོམ་པ་པོ་དེ་བས་མང་བའི་བརྩམས་ཆོས་འབྲིང་ཐུང་དབྱི་ཐ་ལིར་འགྲེམས་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཀློག་པ་པོས་རྒྱལ་ཁབ་གཞན་དང་ཡུལ་གཞན་གྱི་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་རྟོགས་པ་དང་ཐུན་མོང་གི་ངོས་འཛིན་ཞིག་ཡོང་བར་བྱས་པ་མ་ཟད། ཀྲུང་གོ་བའི་གཞུང་བཟང་དང་། དྲོ་སྐྱིད། དྲང་བདེན་བཅས་དང་ལོ་ངོ་སྟོང་གི་གུས་ལུགས་ཀྱང་རྟོགས་པར་བྱས་ཡོད།

    ཨེ་ཅིབ་ཀྱི་རྒྱའི་རིག་པ་མཁས་ཅན་གཞོན་ནུ་ཀའོ་ཧྲན། “དེང་རབས་ཀྱི་ཀྲུང་གོ་མྱོང་ཚོར་དང་ཀྲུང་ཧྭའི་ཤེས་དཔལ་འཚོལ་ཞིབ་བྱེད་པའི་སྐར་ཁུང་ཞིག་ཕྱེ་བ”

    ཀའོ་ཧྲན་གྱིས་གཞོན་ནུའི་དུས་ནས་རྒྱ་ཡིག་སྦྱོང་འགོ་ཚུགས་ཤིང་། “སྐབས་དེ་དུས་ངས་ཨེ་ཅིབ་ནས་ཀྲུང་གོའི་ཡུལ་སྐོར་བ་དང་ཚོང་པས་རྟག་ཏུ་རྒྱ་སྐད་ཤོད་པ་དང་རྒྱ་ཡིག་བྲིས་པ་མཐོང་བྱུང་། ངའི་བློ་ངོར་གནའ་བོའི་ཤར་ཕྱོགས་རྒྱལ་ཁབ་དེར་ངས་རྒྱུས་ལོན་ཟབ་མོ་བྱེད་འོས་སྙམ་ནས་ཡ་མཚན་ཆེན་པོས་ཁེ་རོ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ལ་རྒྱུགས་སྤྲད་པ་ཡིན”

    2012ལོར། ཀའོ་ཧྲན་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་། “ངའི་ངོས་ནས་བརྗོད་ན། རྒྱ་ཡིག་སྦྱོང་བ་ནི་ཡ་མཚན་ནས་ཤེས་དཔལ་སྤེལ་རེས་ནང་ཞུགས་པའི་ལམ་བུ་ཞིག་རེད། རྒྱའི་རིག་པ་མཁས་ཅན་གཞོན་ནུའི་འགན་འཁྲི་ནི་ཀྲུང་གོར་བསམ་ཤེས་བྱ་རྒྱུ་ཙམ་མིན་པར། དེ་བས་ཀྱང་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་འཛམ་གླིང་ལ་བརྗོད་ནས་ཤེས་དཔལ་དབར་གྱི་དེ་བས་ཞིབ་ཚགས་དང་དེ་བས་ཟོལ་མེད་ཀྱི་གླེང་མོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད”

    “སྐབས་དེ་དུས་ངས་ཁེ་རོ་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་ལ་རྒྱུགས་སྤྲོད་སྐབས། རྒྱ་ཡིག་ཚན་ཁག་འདེམས་མཁན་སློབ་མ་མང་པོ་མེད། ད་ཆ་ངས་ཨེ་ཅིབ་ཏུ་ས་གནས་དེ་གའི་གཞོན་ནུ་མང་པོ་ཞིག་གིས་རྒྱ་སྐད་ནས་ཀྲུང་གོ་བ་དང་སྤེལ་རེས་བྱེད་པ་མཐོང་བྱུང” འཛམ་གླིང་གི་རྒྱའི་རིག་པའི་ཚོགས་ཆེན་སོགས་རྒྱལ་སྤྱིའི་ལས་སྟེགས་ཐོག་རྒྱ་རིག་པ་མཁས་ཅན་གཞོན་ནུའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་ཞིབ་འཇུག་གི་ཁྱབ་ཁོངས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། “རྒྱ་ཡིག་ཁོང་དུ་ཆུད་པ་ནི་རིག་གཞུང་ལས་རིགས་ནང་ཀྲུང་གོར་ཞིབ་འཇུག་བྱེད་པའི་རྨང་གཞིའི་ནུས་པ་མེད་དུ་མི་རུང་བ་ཞིག་རེད”ཅེས་ཀའོ་ཧྲན་གྱིས་བརྗོད།

    ཀྲུང་གོར་ལས་གཏོད་བྱེད་མཁན་ཐུར་ཁེ་བ་ཨོའུ་ཏི། “རྒྱ་ཡིག་གིས་ང་ལ་གོ་སྐབས་མང་པོ་ཞིག་རག་པའི་འཛུལ་སྒོ་རྙེད་བྱུང”

    ཁྲུང་ཆིང་གྲོང་ཁྱེར་བཅིངས་འགྲོལ་རྡོ་རིང་གི་ཚོང་སྐོར་རྒྱུད་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཐུར་ཁེའི་གཞོན་ནུ་ཨོའུ་ཏི་ཡིས་རང་ཉིད་ཀྱི་ཟ་ཁང་ནང་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་སྐུ་མགྲོན་ཚོར་ཕ་ཡུལ་གྱི་ཞིམ་ཟས་ངོ་སྤྲོད་བྱེད་བཞིན་ཡོད། 2011ལོར། ཨོའུ་ཏི་ཀྲུང་གོར་ཡོང་ནས་ཤིས་ཨན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དུ་རྒྱ་ཡིག་སྦྱངས།

    “རྒྱ་ཡིག་ནི་ངའི་ལས་གཏོད་ལམ་བུའི་ཐོག་གི་གདེང་ཚོད་ཆེ་ཤོས་ཡིན་ལ། ཀྲུང་གོ་ཤེས་རྟོགས་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་དེ་བས་ཡིན། ངས་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་པས་བཟོ་གྲྭ་དང་འབྲེལ་མཐུད་ཡག་པོ་བྱེད་ཐུབ་པ་མ་ཟད། མཉམ་ལས་རོགས་ཟླ་དང་ཡིད་ཆེས་བརྟན་པོ་འཛུགས་ཐུབ་བྱུང་། ད་ཆ་ཀུང་སིའི་ཐོན་རྫས་ཐུར་ཁེ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་ལ་འཚོང་གི་ཡོད”ཅེས་ཁོང་གིས་བརྗོད།

    2020ལོར། ཨོའུ་ཏི་ཡིས་བཅིངས་འགྲོལ་རྡོ་རིང་གི་ཚོང་སྐོར་རྒྱུད་དུ་ཐུར་ཁེའི་ཟ་ཁང་ཞིག་བཙུགས་པ་དང་རྟག་ཏུ་རྒྱ་སྐད་ནས་སྐུ་མགྲོན་ཚོར་ཐུར་ཁེའི་རིག་གནས་བརྗོད་ཀྱི་ཡོད། ལོ་ཕྱེད་གོང་ཨའོ་ཏི་ཡིས་བརྙན་ཐུང་བསྐུར་ཏེ་རྒྱ་སྐད་ནས་རང་ཉིད་ཀྱི་རྒྱུན་གཏན་འཚོ་བ་ཟིན་ཐོར་བཀོད། “ངས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཐུར་ཀྲུང་དབར་གྱི་དམངས་ཁྲོད་སྤེལ་རེས་ཀྱི་ཕོ་ཉར་འགྱུར་བར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་བསམ་ཤེས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། རྒྱ་ཡིག་གིས་ང་ལ་གོ་སྐབས་མང་པོ་ཞིག་རག་བྱུང་བས། ངའི་མི་ཚེའི་རིན་ཐང་དེ་ཡང་མངོན་འགྱུར་བྱུང་སོང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།